ཟླ་རེའི་གསར་འགྱུར།

གཞི་རིམ་འོག་མའི་སློབ་དགེ་རྣམས་ལ་བྱིས་པའི་ཀློག་རྩལ་ཁྲིད་ཐབས་ཀྱི་ཟབ་སྦྱོང་མཇུག་སྒྲིལ་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༧ ཉིན་རྡ་ས་བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་ནང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ཚན་པས་གོ་སྒྲིག་འོག་བོད་པའི་སློབ་གྲྭ་ཁག་གི་གཞི་རིམ་འོག་མའི་སློབ་དགེ་རྣམས་ལ་བྱིས་པའི་ཀློག་རྩལ་ཁྲིད་ཐབས་ཀྱི་ཟབ་སྦྱོང་མཇུག་སྒྲིལ།
    དེ་ཡང་ཕྱི་དྲོ་ཆུ་ཚོད་ ༣།༣༠ ཐོག་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས།
    ཟབ་ཁྲིད་པ་སློབ་དཔོན་ཀྲི་ཤི་ནཱ་ཀུ་མར་ལགས། ལ་ཏི་ཀ་གུཔྟཱ་ལགས། བྷོབ་ཨེན་ཀར་སོན། ཤེས་རིག་ཤེས་ཡོན་འགན་འཛིན་ཚེ་རིང་ཕུན་ཚོགས་ལགས། ཨ་ཅརྱཱ་ཀརྨ་སྨོན་ལམ་ལགས།  ཤེས་རིག་ཤེས་ཡོན་ཚན་པའི་ལས་བྱེད། སམ་བྷོ་ཊའི་སློབ་གྲྭ་ཁག་དང་བལ་ཡུལ་གངས་ཅན་བདེ་རྩའི་གཞི་རིམ་འོག་མའི་སློབ་དགེ་བཅས་ཁྱོན་མི་གྲངས་ ༥༠ ཙམ་ལྷན་འཛོམས་ཐོག་ཤེས་རིག་ཤེས་ཡོན་འགན་འཛིན་ཚེ་རིང་ཕུན་ཚོགས་ལགས་ཀྱིས་འཚམས་འདྲིའི་གསུང་བཤད་གནང་། དེ་ནས་ཟབ་ཁྲིད་པ་སློབ་དཔོན་ཀྲི་ཤི་ནཱ་ཀུ་མར་ལགས་ཀྱིས་ཟབ་སྦྱོང་གི་གལ་གནད་སྐོར་གསུང་བཤད་གནང་།
    དེ་ནས་ཨ་ཅརྱཱ་ཀརྨ་སྨོན་ལམ་ལགས་ཀྱིས་སོན་རྩ་བྱིས་པའི་དེབ་འབྲི་རྩོམ་གྱི་ལས་གཞི་དང་འབྲེལ་བའི་གསུང་བཤད་གནང་རྗེས། སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན།  སྐབས་བཅུ་བཞི་པའི་བཀའ་ཤག་གིས་ཤེས་ཡོན་ཐོག་དམིགས་བསལ་འབད་བརྩོན་ཞུས་དང་ཞུ་མུས་ཡིན་པ་མ་ཟད། འབྱུང་འགྱུར་ཡང་མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུ་ཡིན། གང་ཡིན་བརྗོད་ན་བོད་ཀྱི་བདེན་མཐའ་སེལ་ཐབས་སུ་འཚེ་མེད་ཞི་བའི་ལྟ་གྲུབ་ལ་གཞི་བཅོལ་བར་བརྟེན། འཚེ་མེད་ཞི་བའི་ཐོག་ནས་བོད་ཀྱི་བདེན་མཐའ་སེལ་རྒྱུར་ཤེས་ཡོན་དེ་མེད་དུ་མི་རུང་བ་ཞིག་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་གྲུབ་བསྟུན།
    ཤེས་རིག་ལས་ཁུངས་ཀྱི་ཚན་རིག་ཤེས་ཡོན་འགན་འཛིན་ཚེ་རིང་དོན་གྲུབ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་མཇུག་བསྡོམས་མཛད་སྒོ་ལེགས་པར་གྲུབ་ཡོད།
    ཟབ་སྦྱོང་འདི་བཞིན་སྡེ་ཚན་གཉིས་སུ་བགོས་ཏེ་སྡེ་ཚན་དང་པོ་ཕྱི་ཚེས་ ༣ ནས་ ༧ བར་སམ་བྷོ་ཊའི་ཁྱབ་ཁོངས་གཏན་ཉིན་སློབ་གྲྭ་ཁག་དང་། བལ་ཡུལ་གངས་ཅན་བདེ་རྩའི་ཁྱབ་ཁོངས་སློབ་གྲྭ་ཁག་གི་གཞི་རིམ་འོག་མའི་སློབ་དགེ་གྲངས་ ༢༥ ལ་བྱིས་པའི་ཀློག་རྩལ་ཁྲིད་ཐབས་ཀྱི་ཟབ་ཁྲིད་གནང་ཡོད་པ་དང་། སྡེ་ཚན་གཉིས་པ་དེ་ཕྱི་ཚེས་ ༩ ནས་འགོ་འཛུགས་ཀྱིས་ཕྱི་ཚེས་ ༡༣ བར་རྡ་ས་བོད་ཁྱིམ་དང་མ་སུ་རི་བོད་ཁྱིམ་གཉིས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་སློབ་གྲྭ་ཁག་གི་གཞི་རིམ་འོག་མའི་དགེ་རྒན་གྲངས་ ༢༥ ལ་ཟབ་སྦྱོང་སྤྲོད་རྒྱུ་ཡིན་འདུག་པ་བཅས།།
 

སྔོན་མ།
དབུས་བོད་སློབ་འཛིན་ཚོགས་ཀྱི་སྔོན་དགེའི་ཟབ་སྦྱོང་འགོ་འཛུགས།
ཕྱི་མ།
གཞི་རིམ་འོག་མའི་སློབ་དགེ་ཚོགས་ཁག་གཉིས་པར་བྱིས་པའི་ཀློག་རྩལ་ཁྲིད་ཐབས་ཀྱི་ཟབ་སྦྱོང་འགོ་འཛུགས་གནང་།
Menu