ཟླ་རེའི་གསར་འགྱུར།

གཞི་རིམ་འོག་མའི་ཨིན་དགེའི་ཟབ་སྦྱོང་རྒྱལ་ས་ལྡི་ལིར་ཚུགས་པ།

གསར་འཕྲིན།

༄༅། །འདི་ག་ཤེས་རིག་ལས་ཁུངས་ཀྱིས་ཨ་རིའི་རོགས་སྐྱོར་ལས་གཞིའི་འོག་ཕྱི་ལོ་ ༢༠༡༣ ཟླ་བ་ ༥ པའི་ཚེས་ ༨ ནས་ ༢༨ བར་ཉིན་གྲངས་ཉི་ཤུ་རྩ་གཅིག་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་ཡོངས་ཤེས་ཡོན་ཞིབ་འཇུག་དང་སྦྱོང་བརྡར་བསྟི་གནས་ཁང་(NCERT)དུ་བཙན་བྱོལ་བོད་མིའི་སློབ་གྲྭའི་གཞི་རིམ་འོག་མའི་ཨིན་དགེ་ཁག་ཅིག་ལ་ཨིན་སྐད་སློབ་ཁྲིད་དང་འབྲེལ་བའི་ཟབ་སྦྱོང་ཉིན་གྲངས་ཉི་ཤུ་རྩ་གཅིག་ཅན་ཞིག་དབུ་འཛུགས་གནང་ཡོད་པ་རེད། རྒྱ་གར་རྒྱལ་ཡོངས་ཤེས་ཡོན་ཞིབ་འཇུག་དང་སྦྱོང་བརྡར་བསྟི་གནས་ཁང་དེ་བཞིན་རྒྱ་གར་ནང་ཤེས་ཡོན་སློབ་གསོ་དང་འབྲེལ་བའི་སྒྲིག་འཛུགས་གལ་གནད་ཆེ་ཤོས་དེ་ཆགས་ཡོད།
    ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་དགེ་རྒན་ཆེ་མོ་བ་སིང་ཁེ་ལེར་མཆོག་གིས་གསུང་བཤད་གནང་བའི་ནང་། ༢༠༠༥ ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་བསླབ་གཞི་རྩ་འཛིན་ཁྱབ་བསྒྲགས་བྱས་རྗེས་སློབ་གསོའི་ལྟ་གྲུབ་དང་ལང་ཕྱོགས་ཁག་ལ་འགྱུར་བ་ཆེན་པོ་ཕྱིན་ཡོད་པ་དེ་དག་དགེ་རྒན་རྣམས་ཀྱིས་མཁྱེན་རྟོགས་ངེས་པར་དུ་དགོས་སྐོར་སོགས་གསུངས། མཛད་སྒོ་དེར་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་ཚེ་རིང་ཕུན་ཚོགས་ལགས་དང། སྐལ་བཟང་དབང་འདུས་ལགས། དེ་བཞིན་ལྡི་ལི་དོན་གཅོད་ཁང་གི་ཤེས་ཡོན་འགན་འཛིན་བསྟན་འཛིན་ཟླ་གསལ་ལགས་བཅས་ཆེད་བཅར་གནང་ཡོད་པ་རེད།
    ཟབ་སྦྱོང་འདིའི་ནང་།  རྡ་ས་བོད་ཁྱིམ་དང་།  སམ་བྷོ་ཊ་བོད་སློབ་ཚོགས་པ།  མ་སུ་རི་བོད་ཁྱིམ།  བལ་ཡུལ་གངས་ཅན་བདེ་རྩ། གཞན་ཡང་སྒེར་སློབ་ཁག་ནས་གཞི་རིམ་འོག་མའི་ཨིན་དགེ་གྲངས་༢༩ ནས་མཉམ་ཞུགས་གནང་ཡོད་པ་རེད།
    ཟབ་སྦྱོང་འདི་བཞིན་གོ་སྒྲིག་ཞུས་དགོས་པའི་དམིགས་ཡུལ་གཙོ་བོ་ནི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ནང་ཨིན་ཇིའི་སྐད་ཡིག་སློབ་ཁྲིད་ཡར་རྒྱས་ཡོང་ཐབས་ཆེད་དུ་ཡིན་ཞིང་།  ཟབ་སྦྱོང་རིང་ཨིན་ཇི་སྐད་ཡིག་གི་བསླབ་གཞི་རྩ་འཛིན།  སྐད་ཡིག་གི་སྒྱུ་རྩལ་བཞིའི་སློབ་ཁྲིད་ཐབས་ལམ།  སྦྱངས་འབྲས་ཞིབ་འཇུག་སོགས་ཀྱི་གནད་དོན་མང་པོའི་ཐོག་སློབ་འཁྲིད་དང་སྦྱོང་བརྡར་སྤྲོད་རྒྱུ་རེད་འདུག

སྔོན་མ།
གཞི་རིམ་འོག་མའི་ཨང་རྩིས་སློབ་དེབ་བསྐྱར་ཞིབ་ཚོགས་འདུ།
ཕྱི་མ།
མོན་ཊེ་སོ་རི་སྔོན་འགྲོའི་ལམ་སྲོལ་སྐོར་གྱི་ཚོགས་འདུ།
Menu