ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ནས་བེལ་ཇི་ཡམ་ཆོས་རིག་འཛིན་སྐྱོང་ཁང་གི་ཁྱབ་ཁོངས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་དགེ་རྒན་རྣམས་ལ་ཟབ་སྦྱོང་ལེགས་གྲུབ་ཟིན་པ།

གསར་འཕྲིན།

༄༅། །ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་གོ་སྒྲིག་འོག་བེལ་ཇི་ཡམ་ཆོས་རིག་འཛིན་སྐྱོང་ཁང་གི་ཁྱབ་ཁོངས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་དགེ་རྒན་རྣམས་ལ་ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༡༧ རེས་གཟའ་ཉི་མ་ཉིན་གཞི་རིམ་འོག་མའི་དགེ་རྒན་ཚོར་སམ་བྷོ་ཊ་བོད་སློབ་ཚོགས་པའི་བོད་ཡིག་རྒྱུས་སྟོན་པ་རྒན་པ་སངས་ཚེ་རིང་ལགས་ཀྱིས་ཟབ་སྦྱོང་གནང་བ་དང་། ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༢༤ ཉིན་གཞི་རིམ་བར་མའི་དགེ་རྒན་རྣམས་ལ་དྷ་ས་བོད་ཁྱིམ་གྱི་བོད་ཡིག་རྒྱུས་སྟོན་པ་རྒན་མིང་ཆུང་ལགས་དང་། སྔོན་འགྲོ་དགེ་རྒན་རྣམས་ལ་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་སྔོན་དགེ་བྱམས་པ་སྒྲོལ་མ་ལགས་དང་། འཇམ་དབྱངས་དབང་མོ་ལགས་གཉིས་ཀྱིས་ཟབ་སྦྱོང་གནང་ཡོད།

དེ་ཡང་བེལ་ཇི་ཡམ་ཆོས་རིག་འཛིན་སྐྱོང་ཁང་གི་འབྲེལ་ཡོད་ལས་བྱེད་བྷུ་རུ་སལ་ས་གནས་འགན་འཛིན་སྐལ་བཟང་རྒྱལ་ལགས་དྷ་སར་ཆེད་བཅར་གྱིས་ཤེས་རིག་བཀའ་བློན་དང་མཇལ་བཅར་ཞུས་ཏེ། ཁྱབ་ཁོངས་སྐད་ཡིག་དང་རིག་གཞུང་སློབ་གྲྭ་ཁག་གི་སློབ་ཕྲུག་དང་། དགེ་རྒན། བོད་ཀྱི་རིག་གཞུང་དང་སྐད་ཡིག་སློབ་གཉེར་བཅས་ཀྱི་བརྒྱུད་རིམ་རྣམས་སྙན་སེང་ཞུས་པ་དང་། དགེ་རྒན་རྣམས་ལྷག་བསམ་ཆེ་བ་དང་བོད་ཡིག་གནས་ཚད་གང་ལེགས་ཡོད་ཀྱང་། སློབ་ཁྲིད་ཀྱི་ཉམས་མྱོང་དང་ཐབས་ལམ་ཞན་པོ་ཡོད་པས། ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོར་དགེ་རྒན་རྣམས་ལ་སློབ་ཁྲིད་ཐབས་ལམ་གྱི་ཟབ་སྦྱོང་ཞིག་དྲྭ་ཐོག་ནས་གནང་སྐྱོང་ཡོང་བར་ཞུས་པ་ལྟར། ཤེས་ཡོན་ལྷན་ཚོགས་ཡིག་ཚང་གིས་གོ་སྒྲིག་ཞུས་ཏེ། རྒྱུས་སྟོན་པ་རྒན་པ་སངས་ཚེ་རིང་ལགས་ཀྱིས་གཞི་རིམ་འོག་མའི་དགེ་རྒན་རྣམས་ལ། དགེ་རྒན་ཞིག་གི་རང་ངོས་ནས་ཚང་དགོས་པའི་ཆ་རྐྱེན་དང་། སློབ་ཁྲིད་ཐབས་ལམ་ནང་དུ་སློབ་ཕྲུག་གི་འདུན་པ་མ་བརླག་པར་བྱས་ཏེ། རྩེད་མོ་དང་། ནམ་རྒྱུན་གྱི་སྐད་ཆ་དང་ལྷན་དུ་ཐ་སྙད་ངོ་སྤྲོད་དང་། སྒྲུང་དང་འབྲེལ་ཏེ་ཀློག་རྩལ་དང་སུམ་རྟགས་ངོ་སྤྲོད་བྱེད་རྒྱུ་གལ་ཆེན་པོ་ཡིན་པར་གསུངས།

རྒྱུས་སྟོན་པ་རྒན་མིང་ཆུང་ལགས་ཀྱིས་གཞི་རིམ་བར་མའི་དགེ་རྒན་རྣམས་ལ། དགེ་རྒན་ཞིག་ལ་ཚང་དགོས་པའི་ཁྱད་ཆོས་དང་། སློབ་ཁྲིད་འཆར་འགོད། སློབ་ཁྲིད་གནང་སྐབས་སློབ་ཕྲུག་དབུས་བཞག་གི་ཐབས་ལམ་སྤྱད་དེ། འབྲི་ཀློག་བཤད་གསུམ་སློབ་མ་ལ་གནང་དུ་བཅུག་སྟེ་དགེ་རྒན་གྱིས་ཟུར་ནས་རམ་འདེགས་ཀྱི་ཚུལ་དུ་གནང་དགོས་པ་དང་། བརྗོད་པ་རྒྱ་སྐྱེད་སྟངས་སྐོར་ངོ་སྤྲོད་ཞིབ་ཕྲ་གནང་།

སྔོན་དགེ་བྱམས་པ་སྒྲོལ་མ་ལགས་དང་། འཇམ་དབྱངས་དབང་མོ་ལགས་གཉིས་ཀྱིས་སྔོན་འགྲོ་དགེ་རྒན་རྣམས་ལ་མིང་གཞི་རྐྱང་པའི་མིང་ཚིག་དང་། མིང་གཞི་རྐྱང་པ་གཉིས་ཅན་དང་། སྔོན་རྗེས་ཡང་གསུམ། མགོ་འདོགས་རྣམས་རིམ་པ་བཞིན་ངོ་སྤྲོད་གནང་སྟངས། སློབ་ཕྲུག་གི་ཀུན་སྤྱོད་ཡར་རྒྱས་གཏོང་བར་དགེ་རྒན་རང་ངོས་ནས་མིག་དཔེ་བཟང་པོ་བསྟན་ཏེ། སློབ་ཕྲུག་ལ་ཕ་མ་ལྟ་བུ་སེམས་ཐག་ཉེ་བོ་བྱེད་པ་དང་། ཕྲུ་གུའི་སྐད་ཆ་ག་རེ་ཡིན་ནའང་ཡ་ལན་སྤྲོད་རྒྱུ་དང་། གཞས་ཀྱི་ལམ་ནས་གནད་དོན་གྱི་བརྒྱུད་རིམ་ངོ་སྤྲོད་བྱེད་སྟངས། སྒྲུང་མང་པོ་བཤད་དགོས་པ་བཅས་ངོ་སྤྲོད་ཟབ་རྒྱས་གནང་སྟེ། དོགས་འདྲི་ལ་ལན་འདེབས་དང་བཅས་ཟབ་སྦྱོང་གང་ལེགས་བྱུང་ཡོད་པ་དང་། སྔོན་འགྲོའི་ཟབ་སྦྱོང་དུ་དགེ་རྒན་ ༡༣ ནས་མཉམ་ཞུགས་གནང་ཡོད་པ་དང་། གཞི་རིམ་འོག་མའི་ཟབ་སྦྱོང་དུ་དགེ་རྒན་ ༡༣། གཞི་རིམ་བར་མའི་ཟབ་སྦྱོང་དུ་དགེ་རྒན་ ༡༥ མཉམ་ཞུགས་གནང་ཡོད་པ་དང་། ཐེངས་འདིའི་ཟབ་སྦྱོང་ཆེད་ཌེ་ཎི་ཌ་ (DANIDA) རོགས་ཚོགས་ནས་རོགས་དངུལ་མཐུན་འགྱུར་གནང་ཡོད་པ་བཅས། །

སྔོན་མ།
ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གྱི་གོ་རྟོགས་ལམ་རིམ་དབུ་འཛུགས་གནང་བ།
ཕྱི་མ།
༢༠༢༢ ལོའི་བར་བཞག་སློབ་ཡོན་གསལ་བསྒྲགས།
Menu