ཟླ་རེའི་གསར་འགྱུར།

ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་གསོའི་གོ་རྟོགས་ལས་རིམ་ལེགས་གྲུབ་ཟིན་པ།

གསར་འཕྲིན།

༄༅། །ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གྱི་རྒྱུས་སྟོན་པ་དགེ་བཤེས་ལྷ་རམས་པ་ཡེ་ཤེས་རྒྱལ་མཚན་ལགས་ཀྱིས་རྒྱ་གར་བྱང་ཤར་ཁུལ་གྱི་སློབ་གྲྭ་ཁག་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་གོ་རྟོགས་རྒྱ་གང་ཆེ་སྤེལ་གནང་ཡོད།

དེ་ཡང་ཕྱི་ལོ་ ༢༠༢༣ ཟླ་བ་ ༡༠ ཚེས་ ༢ ནས་ཟླ་བ་ ༡༡ ཚེས་ ༣ བར་རྒྱ་གར་བྱང་ཤར་ཁུལ་གྱི་སློབ་གྲྭ་ཁག་གི་དགེ་རྒན་ཚོར་སྤྱིར་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བྱུང་རིམ་དང་། དེའི་གལ་གནད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ། བྱེ་བྲག་ཏུ་རང་རིགས་བོད་བརྒྱུད་ནང་བསྟན་རྗེས་འབྲང་པ་ཚོར་དགོས་མཁོའི་གལ་གནད་བཅས་ཀྱི་སྐོར་གོ་རྟོགས་སྤེལ་གནང་ཡོད།འདི་ལོའི་གོ་རྟོགས་ལས་རིམ་དེ་ཉིད་ཕྱི་ལོ་ ༢༠༢༣ ཟླ་བ་ ༡༠ ཚེས་ ༢ ནས་ ༥ བར་ཀ་སྦུག་སཾབྷོ་ཊ་གཏན་སློབ་ནང་དང་། ཟླ་བ་ ༡༠ ཚེས་ ༧ ཉིན་སོ་ནཱ་དཱ་སཾབྷོ་ཊ་ཉིན་སློབ། ཟླ་བ་ ༡༠ ཚེས་ ༩ ནས་ ༡༢ བར་རྡོ་གླིང་སཾབྷོ་ཊ་གཏན་སློབ། ཟླ་བ་ ༡༠ ཚེས་ ༡༥ ནས་ ༡༧ བར་ཏེ་ཛུ་སཾབྷོ་ཊ་གཞི་རིམ་འོག་མའི་སློབ་གྲྭ། ཟླ་བ་ ༡༠ ཚེས་ ༡༨ ནས་ ༢༣ བར་མེའོ་སཾབྷོ་ཊ་གཞི་རིམ་སློབ་གྲྭ། ཟླ་བ་ ༡༠ ཚེས་ ༢༦ ནས་ ༢༨ བར་བསྟན་འཛིན་སྒང་སཾབྷོ་ཊ་སློབ་གྲྭ། ཟླ་བ་ ༡༡ ཚེས་ ༡ ནས་ ༣ བར་ར་ཝང་ལ་སཾབྷོ་ཊ་གཞི་རིམ་འོག་མའི་སློབ་གྲྭའི་ནང་གོ་རྟོགས་ལས་རིམ་སྤེལ་ཏེ་ལེགས་པར་མཇུག་བསྒྲིལ།

ཐེངས་འདིའི་གོ་རྟོགས་ལས་རིམ་གྱི་འགྲོ་གྲོན་ཡོངས་རྫོགས་ཌ་ནི་ཌ་ (DANIDA) རོགས་ཚོགས་ནས་མཐུན་འགྱུར་གནང་ཡོད། །

སྔོན་མ།
གཞི་རིམ་འོག་མའི་བོད་ཡིག་སློབ་དེབ་གཏན་འབེབས་ཚོགས་འདུ་ལེགས་གྲུབ་ཟིན་པ།
ཕྱི་མ།
དྷ་ས་བོད་ཁྱིམ་གྱི་སློབ་སྤྱི་དང་དགེ་ཆེ་རྣམས་ལ་འགོ་ཁྲིད་ཀྱི་ཟབ་སྦྱོང་གོ་སྒྲིག་ཞུས།
Menu