ཟླ་རེའི་གསར་འགྱུར།

ཇེ་ཨེན་ཡུ་གཙུག་ལག་སློབ་གཉེར་ཁང་དུ་བོད་ཕྲུག་སློབ་མ་རྣམས་ཀྱི་སློབ་དོད་རྒྱ་གར་སློབ་ཕྲུག་རྣམས་དང་གཅིག་མཚུངས་ལྟར་དགོངས་བཞེད་གནང་བ།

༄༅། །འདི་ལོ་ཕྱི་ཟླ་ ༤ ཕྱི་ཚེས་ ༢༨ ཉིན་ཤེས་རིག་བཀའ་བློན་མཆོག་དང་དྲུང་ཆེ་གཉིས་ཇེ་ཨེན་ཡུ་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་ལྕམ་སྐུ་ཤཾཏིཤྲཱི་པཾཌིཏ་མཆོག་ (Vice Chancellor Prof. Santishree D Pandit) གི་དབུས་པས་འབྲེལ་ཡོད་འགན་འཛིན་རྣམས་མཇལ་འཕྲད་ཀྱིས་ཁོང་རྣམས་ལ་རྒྱ་གར་ནང་སྙན་གྲགས་ཆེ་བའི་གཙུག་ལག་སློབ་གཉེར་ཁང་འདིར་ལོ་ཤས་ནས་བོད་ཕྲུག་སློབ་འཇུག་ཞུ་མཁན་མང་དུ་ཕྱིན་ཡོད་པ་མ་ཟད། སློབ་གྲྭ་ཆེན་མོ་འདི་ནས་ཐོན་རྗེས་བོད་ཕྲུག་སློབ་མ་རྣམས་མཐོ་སློབ་དེ་གའི་ནང་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་གི་གཙོས་གཞུང་འབྲེལ་མིན་པའི་སྡེ་ཚན་དང་བློ་འདོན་བསྟི་གནས་ཁང་ཁག་ནང་ཕྱག་ལས་གནང་བཞིན་ཡོད་སྐོར་དང་། འོན་ཀྱང་བར་ལམ་བོད་ཕྲུག་སློབ་མ་ཚོར་མཐོ་སློབ་འདིར་སློབ་འཇུག་ཞུས་སྐབས་སློབ་ཡོན་ཆེན་པོ་འབུལ་མ་ཐུབ་པའི་དཀའ་ངལ་འཕྲད་བཞིན་ཡོད་འདུག སློབ་འཇུག་ཞུ་མཁན་བོད་ཕྲུག་སློབ་མ་དེ་དག་ནི་བོད་མི་སྐྱབས་བཅོལ་བ་རྒྱ་གར་ནང་འཚོ་བའི་མདུན་ལམ་ཆེད་དགུན་ཁ་སུད་ཀྲར་ཚོང་སོགས་སིལ་ཚོང་ཙག་ཙིག་རྒྱག་མཁན་གྱི་བུ་ཕྲུག་རྒྱ་གར་ནང་སྐྱེས་པའི་མི་རབས་གསུམ་པ་བཞི་པ་ཡིན་སྐོར་དང་། ལྷག་པར་བུ་ཕྲུག་དེ་དག་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ (CBSE) ཀྱིས་ངོས་ལེན་ཡོད་པའི་རྒྱ་གར་ནང་རྟེན་གཞི་བྱས་པའི་སློབ་གྲྭ་ཁག་ནས་ཐོན་པ་ཤ་སྟག་ཡིན་པས་བོད་ཕྲུག་དེ་དག་གི་སློབ་གྲྭའི་རྒྱབ་ལྗོངས་དང་དཔལ་འབྱོར་གྱི་གནས་སྟངས་སོགས་གང་ཅིའི་ཐད་ནས་རྒྱལ་ཁབ་གཞན་པ་ལྟར་དོ་བདག་སློབ་ཕྲུག་དང་བོད་མིའི་སྒྲིག་འཛུགས་ནས་སློབ་ཡོན་ཆེན་པོ་འབུལ་ཐུབ་ཐབས་མེད་པས་དགོངས་བཞེས་གནང་རོགས་སྙན་གསན་ཞུས་སྐབས། མཐོ་སློབ་ཀྱི་དབུ་འཛིན་རྣམས་ནས་རང་རེའི་ཞུས་དོན་ཁག་ལ་གསན་བཞེས་ཡག་པོ་གནང་ཡོད་པར་བརྟེན། ཉེ་ལམ་ནེཧ་རུ་གཙུག་ལག་སློབ་གཉེར་ཁང་གི་སློབ་འཇུག་སྡེ་ཚན་གྱི་རིགས་དྲུང་ལས་རོགས་ནས་བོད་ཕྲུག་སློབ་མ་རྣམས་ཀྱི་སློབ་འཇུག་དང་འབྲེལ་བའི་གསལ་བསྒྲགས་ཤིག་སྤེལ་འདུག་པ་དེའི་ནང་། གཙུག་ལག་སློབ་གཉེར་ཁང་གི་ཤེས་ཡོན་ལྷན་ཚོགས་ཀྱི་གྲོས་ཆོད་དགོངས་དོན། བོད་ཕྲུག་སློབ་མ་རྣམས་ཀྱི་སློབ་དོད་ནེཧ་རུ་གཙུག་ལག་སློབ་གཉེར་ཁང་དུ་སློབ་འཇུག་ཟིན་པའི་རྒྱ་གར་སློབ་ཕྲུག་རྣམས་དང་གཅིག་མཚུངས་ཡིན་སྐོར་གསལ་འདུག་པ་གནས་ཚུལ་ཞིབ་ཕྲ་གཙུག་ལག་སློབ་གཉེར་ཁང་དེའི་དྲྭ་ཚིགས་ཐོག་བཞག་འདུག་པ་དེར་གཟིགས་གནང་ཡོང་བ་ཞུ།

སྔོན་མ།
ཤེས་རིག་ལས་ཁུངས་ནས་སློབ་ཕྲུག་གི་བདེ་འཇགས་དང་སྲུང་སྐྱོབ་ཐོག་ཟབ་སྦྱོང་གོ་སྒྲིག་གནང་བ།
ཕྱི་མ།
འཇོན་རྩལ་གཞིར་བཞག་གི་དཔྱད་ཞིབ་གནང་ཕྱོགས་ཀྱི་ཟབ་སྦྱོང་ལེགས་པར་མཇུག་སྒྲིལ་བ།