ཟླ་རེའི་གསར་འགྱུར།

དགེ་རྒན་ཁག་གཅིག་ལ་ཡོངས་སྒྲིལ་ཤེས་ཡོན་ཟབ་སྦྱོང་གནང་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༡ ནས་ ༦ བར་འདི་ག་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག དྷ་སྟེང་བོད་ཁྱིམ་གྱི་ཞི་བདེ་ཁང་དུ་དྷ་སྟེང་བོད་ཁྱིམ་དང་། མ་སུ་རི་བོད་ཁྱིམ། སཾ་བྷོ་ཊ་སློབ་གྲྭ། མངོན་དགའ་སློབ་གྲྭ་བཅས་ཀྱི་སློབ་དགེ་ཁྱོན་གྲངས་ ༢༤ ཙམ་ལ་ཡོངས་སྒྲིལ་ཤེས་ཡོན་ཟབ་སྦྱོང་གནང་།
ཟབ་སྦྱོང་དེའི་དམིགས་ཡུལ་གཙོ་བོ་ནི་འཛིན་གྲྭ་གཅིག་གི་ནང་སློབ་ཕྲུག་ཕོ་མོ་དང་རིག་པ་དྲག་ཞན། འཇོན་ཐང་ཆེ་ཆུང་སོགས་རྒྱབ་ལྗོངས་ཀྱི་གནས་སྟངས་འདྲ་མིན་ཡོད་ཀྱང་དེ་དག་སློབ་ཕྲུག་དབྱེ་བསལ་གྱི་གཞི་རྩར་མ་སོང་བར། རྒྱབ་ལྗོངས་གནས་སྟངས་འདྲ་མིན་ཡོད་པ་དེར་དགེ་རྒན་ནས་ངོས་ལེན་གྱིས་མཐུན་པའི་རྐྱེན་དུ་གཟིགས་ནས་འཛིན་གྲྭ་གཅིག་གི་སློབ་མའི་ཁྲོད་དུའང་། སློབ་ཕྲུག་རིག་སྟོབས་ཞན་པ་དང་ཀུན་སྤྱོད་གཞན་ལས་ཕྲན་བུ་འཚུབ་པ་ཡོད་མཁན་རྣམས་ལ་སྣང་ཆུང་ཁྱད་གསོད་རིགས་མ་བྱེད་པར་དེ་དག་ལ་དགེ་རྒན་གྱིས་དམིགས་བསལ་གཟིགས་རྟོག་གནང་ནས་ཁོང་ཚོའི་ཤེས་ཚད་སློབ་མ་བྱིངས་དང་མཉམ་པ་བཟོ་ཐབས་གནང་དགོས་པ་དང་། དེ་ལྟར་བྱུང་ཚེ་སློབ་མ་ཚོས་ཀྱང་བག་ཚ་བ་མེད་པར་ཤེས་ཡོན་གྱི་གོ་སྐབས་སྤྱི་མཚུངས་ལྟར་བླང་ཐུབ་རྒྱུར་ཧ་ཅང་ཕན་ཐོགས་ཡོད་འདུག ཤེས་འཇོན་དང་རིག་པ་དྲག་ཞན་སོགས་རྒྱབ་ལྗོངས་ཀྱི་གནས་སྟངས་འདྲ་མིན་ཡོད་པའི་སློབ་མ་རྣམས་ལྷན་དུ་རྩེད་མོ་རྩེ་བ་དང་། སློབ་སྦྱོང་བྱས་པ། དེ་བཞིན་གྲོགས་འདྲིས་སོགས་བྱེད་སྐབས་སློབ་ཕྲུག་ཕན་ཚུན་དབར་གཅིག་གིས་གཅིག་ལ་གུས་བརྩི་དང་བསམ་ཤེས་ཆེ་རུ་འགྲོ་རྒྱུ་རེད། ཇི་ཙམ་གྱི་སློབ་མ་ཚོར་འདྲ་མཉམ་ཐོག་ཤེས་ཡོན་གྱི་གོ་སྐབས་ཐོབ་པ་དེ་ཚོད་ཀྱིས་འདྲ་མཉམ་གྱི་སྤྱི་ཚོགས་ཤིག་སྐྲུན་གྱུར་ཕན་ཐོགས་ཡོད།
ཟབ་སྦྱོང་བ་རྣམས་ལ་ལྡི་ལིར་རྟེན་གཞི་བྱས་པའི་ཨ་མེ་ཏི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ལས་རོགས་ལྕམ་ཌ་ཡེ་ན་ལིལ་ཕི་ལིབ་ Diana Lil Philip ལགས་དང་རྒྱ་གར་གྱི་སི་ཀན་ད་ར་བྷད་ Secunderabad གྲོང་ཁྱེར་ནས་དམིགས་བསལ་ཤེས་ཡོན་སློབ་སྟོན་པ་བདེ་ཆེན་སྒྲོལ་མ་ལགས་རྣམ་གཉིས་ཀྱིས་ཟབ་ཁྲིད་གནང་ཡོད་པ་དང་། ཟབ་སྦྱོང་སྐབས་སློབ་གྲྭ་ཁག་ནང་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་རྣམས་ལ་ཤེས་ཡོན་སློབ་གསོའི་ལྟ་སྐྱོང་གནང་སྟངས་དང་། ལྷག་པར་སློབ་ཁྲིད་བྱེད་སྐབས་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་རྣམས་ལ་འཕྲད་པའི་དཀའ་ངལ་དེ་དག་ལ་གདོང་ལེན་ཇི་ལྟར་བྱེད་དགོས་མིན། དེ་བཞིན་དགེ་རྒན་རྣམས་ཀྱིས་དམིགས་བསལ་དགོས་མཁོ་ཅན་གྱི་གནས་སྟངས་འདྲ་མིན་གྱི་ཐོག་གྲོས་བསྡུར་གནང་ཡོད་པ་མ་ཟད། ཁོང་ཚོར་ལྟ་སྐྱོང་བྱེད་སྟངས་ཀྱི་ཐབས་ལམ་འདྲ་མིན་སྐོར་ཡང་ཤེས་རྟོགས་ཐུབ་པ་བྱུང་ཡོད།
    ཟབ་སྦྱོང་མཇུག་བསྡོམས་སྐབས་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་འབུམ་རམས་པ་ངག་དབང་རབ་རྒྱས་ལགས་ཀྱིས་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་རྣམས་ལ་འོས་བབ་ཐོག་ཤེས་ཡོན་སློབ་གསོ་སྤྲོད་དགོས་གལ་སྐོར་ནན་པོ་གསུངས་པ་དང་སྦྲགས། དགེ་རྒན་རྣམས་ཀྱིས་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་རྣམས་ཀྱི་སེམས་ཚོར་དང་སེམས་ཁམས་ཀྱི་གནས་སྟངས་ལ་བསམ་ཤེས་ཀྱིས་ལྟ་སྐྱོང་དང་སློབ་གསོ་གནང་དགོས་པ། ཕྲུ་གུ་ཚོར་ལག་རྟགས་ཡག་ཤོས་ནི་བྱམས་པ་དང་བརྩེ་བའི་སྒོ་ནས་སློབ་གསོ་སྤྲད་རྒྱུ་དེ་ཡིན་སྐོར་སོགས་གསུངས་ཡོད། དེ་རྗེས་སྐུ་མགྲོན་གཙོ་བོས་ཟབ་སྦྱོང་དུ་བཅར་མཁན་རྣམས་ལ་ཕྱག་ཁྱེར་དང་། ༸གོང་ས་མཆོག་གིས་ལྗགས་རྩོམ་མཛད་པའི་ཆོས་ལུགས་ཀྱི་རྒྱ་ལས་བརྒལ་བའི་བཟང་སྤྱོད་ Beyond religion ཅེས་པའི་དཔེ་དེབ་རེ་གསོལ་རས་གནང་ཡོད། དེ་ནས་དམིགས་བསལ་ཤེས་ཡོན་སློབ་སྟོན་པ་བསྟན་འཛིན་དཔལ་སྒྲོན་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་བ་དང་ལྷན་ཁེ་ན་ཌའི་ DFATD རོགས་ཚོགས་ལ་ཟབ་སྦྱོང་ཆེད་དཔལ་འབྱོར་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་མཛད་སྒོ་ལེགས་པར་མཇུག་སྒྲིལ་ཡོད་པ་བཅས།།

སྔོན་མ།
ཆོས་དང་མ་འབྲེལ་བའི་བཟང་སྤྱོད་སློབ་སྤེལ་གནང་ཕྱོགས་ཀྱི་གསུང་བཤད།
ཕྱི་མ།
རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་གནང་བ།
Menu