ཟླ་རེའི་གསར་འགྱུར།

དགེ་རྒན་གྱི་ཁྱད་ལས་ཡར་རྒྱས་ལ་སྨན་པའི་དྲ་ཚིགས་དབུ་འབྱེད་གནང་བ།

༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༥ ཉིན། འདི་ག་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་གངས་སྐྱིད་ལས་བྱེད་གསོལ་ཐབ་ཡང་སྟེང་གཉའ་ཁྲི་ཚོགས་ཁང་ནང་དགེ་རྒན་གྱི་ཁྱད་ལས་ཡར་རྒྱས་གཏོང་བའི་དྲ་ཚིགས་དབུ་འབྱེད་གནང་།
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣ པའི་ཐོག་ཤེས་རིག་དྲུང་ཆེ་རྣམ་གཉིས་དང་། དྲུང་འཕར། ཤེས་རིག་ལས་ཁུངས་ཀྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། འབྲེལ་ཡོད་ལས་བྱེད། དྷ་ས་བོད་ཁྱིམ་གྱི་ཤེས་ཡོན་འགན་འཛིན། སམ་བྷོ་ཊ་སྤྱི་ཁྱབ་འགན་འཛིན། མ་སུ་བོད་ཁྱིམ་གྱི་དྲུང་ཆེ། དྷ་ཤོད་བོད་ཁྱིམ་སོགས་དྷ་སའི་ཉེ་འཁོར་དུ་ཡོད་པའི་བོད་པའི་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་རྒན་ཁག་ཅིག་བཅས་ཁྱོན་མི་གྲངས་ ༥༠ ཙམ་ལྷན་འཛོམས་ཐོག་ཤེས་རིག་ཤེས་ཡོན་འགན་འཛིན་ཚེ་རིང་དོན་གྲུབ་ལགས་ཀྱིས་འཚམས་འདྲིའི་གསུང་བཤད་དང་། སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་ཀྱིས་ (www.tibetanteachers.com) ཞེས་པའི་དྲ་རྒྱ་དབུ་འབྱེད་གནང་གྲུབ་མཚམས་བོད་ཀྱི་ཐེབས་རྩའི་ལས་བྱེད་བསྟན་འཛིན་དར་རྒྱས་ལགས་ཀྱིས་དྲ་རྒྱའི་ནང་དོན་ཁག་འགྲེལ་བརྗོད་གནང་།
དེ་རྗེས་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་ཀྱིས་གསུང་བཤད་གནང་དོན། དེ་རིང་དགེ་རྒན་གྱི་ཉིན་མོར་ཤེས་རིག་ལས་ཁུངས་ནས་དགེ་རྒན་གྱི་ཁྱད་ལས་ཡར་རྒྱས་གཏོང་བའི་དྲ་ཚིགས་དབུ་འབྱེད་དང་འབྲེལ་ང་ཚོ་འཛོམས་ཐུབ་པ་བྱུང་ཡོད་པ་མ་ཟད། ཚང་མས་དགེ་རྒན་གྱི་ཕྱག་ལས་གལ་ཆེན་པོ་ཞིག་ཡིན་པར་ངོས་འཛིན་གནང་སྟེ། དགེ་རྒན་གྱི་ཉིན་མོ་སྲུང་བརྩི་ཞུ་རྒྱུའི་གོ་སྐབས་བྱུང་བ་ཧ་ཅང་དགའ་སྤོབས་བྱུང་། དགེ་རྒན་རྣམས་ནས་སྐུ་ལས་བསྐྱོན་པ་དང། སྤྱི་ཚོགས་ནང་ཞབས་འདེགས་སྒྲུབ་མཁན་སྤྱི་དང་། ཡང་སྒོས་རྒྱུན་རིང་དགེ་རྒན་གྱི་ཕྱག་ལས་གནང་སྟེ་སྤྱི་ཚོགས་ལ་ཞབས་འདེགས་ཞུ་མཁན་ཡོངས་ལ་དྲན་གསོ་དང་སྦྲགས་རྗེས་སུ་ཡི་རང་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
བཀའ་ཤག་སྐབས་ ༡༤ པས་ཤེས་ཡོན་གལ་ཆེ་ཤོས་རྩིས་གནང་དགོས་པའི་རྒྱུ་མཚན་ནི། ང་རང་ཚོ་ཚང་མས་མཁྱེན་གསལ་རེད། དཔལ་ལྡན་སྲིད་སྐྱོང་མཆོག་གིས་གཙོས་ཤེས་རིག་ལས་ཁུངས་ནས་དེའི་ཐོག་ཤུགས་སྣོན་གང་ཙམ་བརྒྱབ་དང་རྒྱག་མུས་ཡིན། དེར་བརྟེན་ཤེས་ཡོན་གྱི་ར་བའི་ནང་ལྟ་སྐབས་སུ་དགེ་རྒན་ལས་གལ་ཆེ་བ་ཞིག་རྩ་བ་ཉིད་ནས་མེད་པ་ནུབ་ཕྱོགས་རྒྱལ་ཁབ་ཀྱི་མིས་བརྗོད་པ་དང། ཤར་ཕྱོགས་ཀྱི་རྒྱལ་ཁབ་ཁག་གིས་ཀྱང་ངོས་འཛིན་འདི་ལྟར་གནང་གི་འདུག དགེ་རྒན་ནི། མི་རིགས་ཀྱི་སྣེ་ཁྲིད་མཁན་དང་། རྒྱལ་ཁབ་འཛུགས་སྐྲུན་བྱེད་མཁན་ཞིག་ཆགས་ཀྱི་ཡོད་སྟབས། དགེ་རྒན་ལ་ཆེ་མཐོང་ངེས་པར་དུ་ཞུ་དགོས། འོན་ཀྱང་དགེ་རྒན་ལ་ཁྱད་ཆོས་གང་འདྲ་ཞིག་དགོས་ཀྱི་འདུག་ཅེ་ན། དང་པོ། ཤེས་ཚད་ཡག་པོ་དགོས་པ་དང་། གཉིས་པ། སློབ་ཁྲིད་བྱེད་རྒྱུའི་ཐབས་ལམ་ཡག་པོ་དགོས་པ། གསུམ་པ། ལྷག་བསམ་རྣམ་དག་དགོས་རྒྱུ་གལ་ཆེན་པོ་རེད།
སྤྱིར་ང་ཚོའི་དགེ་རྒན་རྣམ་པ་གང་ཅིའི་ཐད་ནས་ཡག་པོ་ཡོད། སློབ་གྲྭའི་གནས་བབས་ཆ་ནས་ཤེས་ཡོན་གྱི་གནས་ཚད་སོགས་ལ་སྐད་ཆ་མང་པོ་ཞིག་ཡོང་གི་ཡོད་པར་བརྟེན། དོན་དངོས་ཀྱི་གནས་སྟངས་ག་རེ་ཆགས་ཀྱི་ཡོད་མེད་ཐོག་ལ་ང་ཚོས་གནས་ཚུལ་བསྡུ་རུབ་བྱས་པ་ཡིན། གནས་ཚུལ་བསྡུ་རུབ་ཤུགས་ཆེན་པོ་བྱེད་ཐུབ་པ་བྱུང་ཡོད་ཁོངས་ནས་སློབ་གྲྭ་ཁག་ ༣༡ ནང་གི་དགེ་རྒན་གྲངས་ ༨༢༡ དང་། སློབ་སྤྱི་ ༡༦ འགན་འཛིན་གཉིས་བཅས་ལ་ Survey ཞུ་ཐུབ་པ་བྱུང་ཡོད། གནས་ཚུལ་བསྡུ་རུབ་འདི་བཞིན་ངག་ཐོག་ནས་བྲིས་པ་ཙམ་མ་ཡིན་པར་ཁ་ཤས་ལ་དངོས་སུ་བཅར་འདྲི་ཞུས་པའི་མཐའ་མའི་མཇུག་བསྡོམས་ཀྱི་སྙན་ཐོ་གང་མགྱོགས་ཐོན་ཐུབ་ཀྱི་རེད་བསམ་གྱི་འདུག ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་དྲུང་གཞོན་སྐལ་བཟང་མགོན་པོ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་གྲོལ།

སྔོན་མ།
དགའ་ལྡན་ཕོ་བྲང་གཟེངས་རྟགས་གནང་བ།
ཕྱི་མ།
ཕྱི་ལོ་ ༢༠༡༤ སྐོར་བསྐྱོད་ཚན་རིག་འགྲེམས་སྟོན་འགྲོ་བཞིན་པ།