ཟླ་རེའི་གསར་འགྱུར།

ཕྱི་ལོ་ ༢༠༡༤ སྐོར་བསྐྱོད་ཚན་རིག་འགྲེམས་སྟོན་འགྲོ་བཞིན་པ།

གསར་འཕྲིན།

 

༄༅། །འདི་ག་ཤེས་རིག་ལས་ཁུངས་ཀྱིས་སློབ་ཕྲུག་རྣམས་ཚན་རིག་ལ་དགའ་སྣང་དང་ཤེས་རྟོགས་གོང་སྤེལ་ཡོང་སླད་ཕྱི་ལོ་ ༢༠༡༢ ལོ་ནས་བཟུང་བོད་སློབ་ཁག་གི་ནང་སྐོར་བསྐྱོད་ཀྱི་ལམ་ནས་ཚན་རིག་འགྲེམས་སྟོན་གནང་འགོ་བཙུགས་ཡོད། དེ་ཡང་ཕྱི་ལོ་ ༢༠༡༤ ལོའི་སྐོར་བསྐྱོད་ཚན་རིག་འགྲེམས་སྟོན་འདི་བཞིན་སྦེལ་ཀོབ་བོད་ཁྱིམ་གྱི་གོ་སྒྲིག་འོག་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་སློབ་ཁག་ནང་འགྲེམས་སྟོན་གནང་རྒྱུ་ཡིན་འདུག ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡༢ ཉིན་སྦེལ་ཀོབ་བོད་ཁྱིམ་དུ་ངེས་སྟོན་པ་ཚེ་རིང་དཔལ་ལྡན་ལགས་དང་སློབ་སྤྱི་དོན་གྲུབ་ཚེ་རིང་ལགས། ཚན་རིག་ཚན་པའི་འགན་འཛིན་བྱམས་པ་དངོས་གྲུབ་ལགས་བཅས་དབུ་ཞུགས་ཐོག་འགྲེམས་སྟོན་དབུ་འབྱེད་གནང་ཡོད།
འགྲེམས་སྟོན་གྱི་ཐོག་མར་འཛིན་རིམ་བདུན་པ་ནས་བཅུ་གཉིས་བར་གྱི་སློབ་ཕྲུག་རྣམས་ཀྱིས་འདི་ལོའི་བརྗོད་གཞི་དང་འབྲེལ་ཟས་བཅུད་ཐོག་འགྲེམས་སྟོན་དབུ་འཛུགས་གནང་ཡོད། སྔ་དྲོའི་འགྲེམས་སྟོན་སྐབས་མཉམ་གཞས་དང་། གཏམ་བརྗོད་ཐུང་ངུ་འཁྲབ་སྟོན། ཀམ་པུ་ཊར་བརྒྱུད་པ་ཝར་པོ་ཨེན་ (Power Point) ཐོག་ཟས་བཅུད་སྐོར་འགྲེམས་སྟོན་གནང་ཡོད། སྐོར་བསྐྱོད་ཚན་རིག་འགྲེམས་སྟོན་སྐབས་དངོས་ཁམས་རིག་པ་དང་། རྫས་སྦྱོར་རིག་པ། སྐྱེ་དངོས་རིག་པ་བཅས་ཀྱི་ཐོག་འགྲེམས་སྟོན་ཡང་གནང་གི་ཡོད་འདུག གོང་ཚེས་ཉིན་ཕྱེད་ཡོལ་སྦེལ་ཀོབ་བོད་མིའི་སློབ་གྲྭའི་ CST CVP Bylakuppe སློབ་ཕྲུག་རྣམས་ལ་མགྲོན་འབོད་ལྟར་འགྲེམས་སྟོན་བལྟ་རུ་བསླེབས་ཡོད།
ཕྱི་ཚེས་ ༡༥ ཉིན་གྱི་སྔ་དྲོ་སྦེལ་ཀོབ་གཏན་སློབ་ཏུ་སྐོར་བསྐྱོད་ཚན་རིག་འགྲེམས་སྟོན་གནང་ཡོད། སྐབས་དེར་སྦེལ་ཀོབ་བོད་ཁྱིམ་དང་སེ་ར་བྱེས་ཀྱི་འཛིན་རིམ་ལྔ་པ་ནས་བརྒྱད་པ་བར་གྱི་སློབ་མ་རྣམས་འགྲེམས་སྟོན་བལྟ་རུ་བསླེབས་ཡོད། ཕྱི་ཚེས་ ༡༦ ཉིན་གུ་རུ་པུ་ར་དང་ཕྱི་ཚེས་ ༡༨ ཉིན་ཀོ་ལི་གྷལ་གཏན་སློབ་ཏུ་སྐོར་བསྐྱོད་ཚན་རིག་འགྲེམས་སྟོན་གནང་སྟེ། ཕྱི་ཚེས་ ༢༠ ཉིན་མོན་གྷོ་གཏན་སློབ་ཏུ་སྐོར་བསྐྱོད་ཚན་རིག་འགྲེམས་སྟོན་གྱི་ལས་རིམ་མཇུག་བསྒྲིལ་གནང་རྒྱུ་ཡིན་འདུག སྐོར་བསྐྱོད་ཚན་རིག་འགྲེམས་སྟོན་གྱི་ལས་གཞི་འདིའི་དམིགས་ཡུལ་གཙོ་བོ་ནི་སློབ་ཕྲུག་རྣམས་ཚན་རིག་ལ་དོ་སྣང་མང་བ་ཡོང་རྒྱུ་དང། དགེ་རྒན་ཚོས་འཛིན་གྲྭའི་ནང་ཚན་རིག་སློབ་ཁྲིད་བྱེད་སྟངས་ལ་ཉམས་མྱོང་གསོག་རྒྱུ། དེ་བཞིན་སློབ་ཕྲུག་ཚོས་ཚན་རིག་པའི་བསམ་བློའི་ཐོག་ནས་ཕྱི་དངོས་པོའི་གནས་སྟངས་ལ་དཔྱད་པ་བྱ་རྒྱུའི་བློ་གྲོས་ཀྱི་སྒོ་མོ་ཡངས་པར་འབྱེད་རྒྱུ་སོགས་ཡིན་འདུག

སྔོན་མ།
དགེ་རྒན་གྱི་ཁྱད་ལས་ཡར་རྒྱས་ལ་སྨན་པའི་དྲ་ཚིགས་དབུ་འབྱེད་གནང་བ།
ཕྱི་མ།
ཟློས་དགེ་འོས་སྦྱོང་མཇུག་བསྒྲིལ་བ།
Menu