ཟླ་རེའི་གསར་འགྱུར།

དྷ་ཤོད་བོད་ཁྱིམ་སློབ་གྲྭའི་རྩེད་འགྲན་ཐེངས་ ༢༣ པ་དབུ་འཛུགས་གནང་།

༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡༠ ཉིན་དྷ་ཤོད་བོད་ཁྱིམ་སློབ་གྲྭ་དབུ་བརྙེས་ཏེ་མི་ལོ་ ༣༠ འཁོར་བའི་ཉིན་མོ་དང་། ཁང་ཚན་ནང་ཁུལ་རྒྱུག་མཆོང་འཕེན་གསུམ་གྱི་རྩེད་འགྲན་ཐེངས་ ༢༣ པ་དབུ་འཛུགས་གནང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༤༥ ཐོག་སྐུ་མགྲོན་གཙོ་བོ་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་གཙོས་བོད་ཁྱིམ་དབུས་སྤྱི་ཁྱབ་འགན་འཛིན་ཚེ་དབང་ཡེ་ཤེས་ལགས་དང་། བཙུན་དགོན་སྒྲོལ་མ་གླིང་གི་སློབ་སྤྱི། ཀིརྟི་བྱེས་པ་གྲྭ་ཚང་གི་སྐུ་ཚབ། བོད་ཁྱིམ་དབུས་སྤྱི་ཁྱབ་ཡིག་ཚང་གི་མཛད་གཙོ་རྣམ་པ། བོད་ཁྱིམ་ཡན་ལག་སློབ་གྲྭ་ཁག་གི་འགན་འཛིན་དང་སློབ་སྤྱི། དེ་བཞིན་དྷ་ཤོད་བོད་ཁྱིམ་གྱི་དགེ་ལས་སློབ་ཕྲུག་རྣམས་འདུ་འཛོམས་ཐོག་ཁང་ཚན་ནང་ཁུལ་གྱིས་གུས་འདུད་རུ་སྒྲིག་གྲུབ་མཚམས། ཚང་མ་སྐུ་བཞེངས་ཐོག་འཕགས་བོད་གཉིས་ཀྱི་རྒྱལ་གླུ་རྔ་གླིང་དང་བཅས་ཏེ་བཏང་།
དེ་རྗེས་དྷ་ཤོད་བོད་ཁྱིམ་སློབ་གྲྭའི་སློབ་སྤྱི་འཆི་མེད་ལྷུན་གྲུབ་ལགས་ཀྱིས་སྐུ་མགྲོན་རྣམ་པར་འཚམས་འདྲི་ཞུས་པ་དང་ཆབས་ཅིག སློབ་གྲྭའི་ལོ་འཁོར་ལས་བསྡོམས་སྒྲོག་སྦྱང་དང་འབྲེལ། བཀའ་ཤག་གི་ལམ་སྟོན་འོག་ཕྱི་ལོ་ ༢༠༡༤ ལོ་འདི་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་གི་ཡོད་པ་ལྟར། བོད་ཁྱིམ་སྤྱི་ཡོངས་དང་བྱེ་བྲག་དྷ་ཤོད་བོད་ཁྱིམ་ནང་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་སྲུང་བརྩི་ཞུ་སླད། དེ་རིང་གི་ལས་རིམ་ནང་རིགས་ལམ་རྩོད་འགྲན་དང་། སློབ་ཕྲུག་ཆུང་བའི་ཚོམས་ཆེན་ནང་རི་མོའི་འགྲེམས་སྟོན་གོ་སྒྲིག་ཞུས་ཡོད། ལྷག་པར་རྒྱུག་མཆོང་འཕེན་གསུམ་གྱི་ལས་རིམ་འདི་ནི་རྩེད་འགྲན་གྱི་ལས་རིམ་རྒྱ་ཆེ་ཤོས་ཤིག་དང་།
དེ་བཞིན་སློབ་ཕྲུག་རྣམས་ཀྱི་སློབ་སྦྱོང་ཙམ་མིན་པར། ལུས་ཁམས་བདེ་ཐང་ཡོང་རྒྱུའི་ལས་རིམ་མང་དག་ཅིག་སྤེལ་བཞིན་ཡོད་པའི་ནང་དེ་རིང་གི་ལས་རིམ་རྒྱ་ཆེ་ཤོས་ཤིག་ཆགས་ཡོད། སློབ་གྲྭ་འདིའི་ནང་འདས་པའི་ལོ་གཅིག་གཉིས་ནང་མཐུན་རྐྱེན་གྱི་ཆ་ནས་འོས་འཚམ་ཡོད་པར་བརྟེན། ང་ཚོས་སློབ་སྦྱོང་གི་ཐོག་ཤུགས་མང་བ་རྒྱག་རྒྱུའི་ལས་རིམ་རྩོམ་བཞིན་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས། དྷ་ཤོད་བོད་ཁྱིམ་སློབ་གྲྭའི་འཛིན་རིམ་དྲུག་པ་དང་བརྒྱད་པའི་སློབ་མ་རྣམས་ཀྱིས་རིགས་ལམ་ནས་རྟགས་གསལ་བཏང་།
དེ་རྗེས་སྐུ་མགྲོན་གཙོ་བོས་ཕྱི་ལོ་ ༢༠༡༤ ལོའི་ཁང་ཚན་ནང་ཁུལ་རྒྱུག་མཆོང་འཕེན་གསུམ་གྱི་རྩེད་འགྲན་ཐེངས་ ༢༣ པ་དབུ་འབྱེད་ཀྱི་གསལ་བསྒྲགས་གནང་བ་དང། ཕྱི་ལོ་ ༢༠༡༣ ལོའི་རྩེད་འགྲན་པ་ལེགས་ཤོས་བསྟན་འཛིན་འོད་ཟེར་ལགས་ཀྱིས་དཔལ་འབར་སྒྲོན་མེ་ཞལ་ཕྱེ་དང་། སློབ་གྲྭའི་སྤྱི་ཁྱབ་རྒན་བདག་བློ་བཟང་བསམ་གྲུབ་དང་བསྟན་འཛིན་ཚེ་དཔལ་གཉིས་ཀྱིས་རྩེད་འགྲན་གྱི་དམ་བཅའ་ཕུལ་ཏེ། སློབ་ཕྲུག་རྣམས་ཀྱིས་མཁྱེན་པའི་ཡེ་ཤེས་རྔ་རོལ་དང་བཅས་ཕུལ་ཡོད།
གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཁང་ཚན་བཞིའི་རྩེད་འགྲན་པ་རྣམས་ཚང་འཛོམས་ཐོག་སྐུ་མགྲོན་གཙོ་བོ་མཆོག་གིས་ལས་རིམ་དང་འབྲེལ་བའི་གསུང་བཤད་གནང་རྗེས། རྩེད་འགྲན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་འདུག དེ་བཞིན་དེ་ཉིན་རྡ་ཤོད་བོད་ཁྱིམ་སློབ་ཕྲུག་རྣམས་ཀྱིས་བྲིས་པའི་བྱ་རིགས་ཀྱི་བརྗོད་གཞི་ཐོག་རི་མོའི་འགྲེམས་སྟོན་ཞིག་ཀྱང་གོ་སྒྲིག་ཞུས་འདུག
 སྤྱིར་བཏང་དྷ་ཤོད་བོད་ཁྱིམ་སློབ་གྲྭ་ནི་ཕྱི་ལོ་ ༡༩༨༤ ཟླ་ ༥ ཚེས་ ༢༥ ཉིན་དབུ་བརྙེས་པ་དང་། ཕྱི་ལོ་ ༡༩༩༢ ཟླ་ ༡༠ ཚེས་ ༡༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དྷ་ཤོད་བོད་ཁྱིམ་དུ་ཆིབས་སྒྱུར་བསྐྱངས་པར་བརྟེན། ཕྱི་ཟླ་ ༡༠ ཚེས་ ༡༠ ཉིན་ལོ་འཁོར་གྱི་དུས་ཆེན་སྲུང་བརྩི་ཞུ་འགོ་ཚུགས་ཡོད།
དྷ་ཤོད་བོད་ཁྱིམ་འདི་བཞིན་དབུ་འཛུགས་གནང་སྟེ་ད་བར་སློབ་ཕྲུག་ཁྱོན་གྲངས་ ༣༣༩༨ སློབ་འཇུག་གནང་འདུག་པ་དང་། སློབ་ཕྲུག་ཁྱོན་གྲངས་ ༢༠༠༠ ལྷག་སློབ་གྲྭ་འདི་ནས་འཛིན་རིམ་བཅུ་པ་བསླབ་པ་མཐར་སོན་བྱུང་འདུག ད་ལྟའི་ཆར་སློབ་གྲྭ་འདིའི་ནང་སློབ་ཕྲུག་ཁྱོན་གྲངས་ ༥༩༨ དང་། དགེ་རྒན་ཁྱོན་གྲངས་ ༤༩། ལས་བྱེད་ཁྱོན་གྲངས་ ༣༤ ཡོད་འདུག་པ་བཅས།།

བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ནས་འདྲེན་བཀོད་ཞུས།

སྔོན་མ།
བོད་མིའི་སློབ་གྲྭ་ཁག་གི་མདུན་ལམ་སློབ་སྟོན་པའི་ཟབ་སྦྱོང་ལེགས་གྲུབ་བྱུང་བ།
ཕྱི་མ།
དྷ་ས་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ཏེ་མི་ལོ་ཧྲིལ་པོ་ ༥༤ འཁོར་བའི་དུས་དྲན་སྲུང་བརྩི་ཞུས།