ཟླ་རེའི་གསར་འགྱུར།

ཕྱི་ལོ་ ༢༠༡༢ ལོའི་བྱིས་པ་རྣམས་འཁྲིག་སྤྱོད་ཀྱི་ཕོག་ཐུག་ལས་སྲུང་སྐྱོབ་ཀྱི་བཅས་ཁྲིམས་དང་ན་གཞོན་ཀྱི་བདེ་འཇགས་ཐོག་ཉིན་བཞིའི་ཟབ་སྦྱོང་།

གསར་འཕྲིན།

༄༅། །ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༢༦ ནས་ ༢༩ བར་ཉིན་བཞིའི་རིང་རྒྱ་གར་དང་བལ་ཡུལ་ནང་གི་བོད་སློབ་ཁག་གི་སློབ་སྤྱི་རྣམས་ལ་བྱིས་པ་རྣམས་འཁྲིག་སྤྱོད་ཀྱི་ཕོག་ཐུག་ལས་སྲུང་སྐྱོབ་དང་ན་གཞོན་ཀྱི་བདེ་འཇགས་ཞེས་པའི་བརྗོད་གཞིའི་ཐོག་ཉིན་བཞིའི་རིང་དྲྭ་ཐོག་གི་ཟབ་སྦྱོང་ཞིག་གོ་སྒྲིག་ཞུས། ཟབ་སྦྱོང་གི་ཐོག་མའི་ཉིན་གསུམ་རིང་དྷི་ལིར་རྟེན་གཞི་བྱས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་(Expression India) ནས་ཡིན་པའི་(Dr. Jitendra Nagpal) དང་། (Ms. Rekha Chauhan) གཉིས་ནས་སློབ་གྲྭའི་ནང་སློབ་ཕྲུག་རྣམས་ཀྱི་སེམས་ཁམས་འཕྲོད་བསྟེན་གྱི་གལ་གནད་དང་འཁྲིག་པའི་བརྙས་བཅོས་ཀྱིས་སེམས་ཁམས་ལ་ཕོག་ཐུག་ཇི་ལྟར་འགྲོ་མིན་ཐད་ཟབ་སྦྱོང་སློབ་ཁྲིད་གནང་བ་དང་། (Mr. Vinayak Narayan) ལགས་ཀྱིས་བྱིས་པ་རྣམས་འཁྲིག་སྤྱོད་ཀྱི་ཕོག་ཐུག་ལས་སྲུང་སྐྱོབ་ཀྱི་བཅས་ཁྲིམས་དེ་བཞིན་སློབ་ཕྲུག་དང་འབྲེལ་བའི་དགེ་ལས་ལ་སོགས་པའི་འབྲེལ་ཡོད་རྣམས་དང་ཁྲིམས་ཐོག་ནས་འབྲེལ་བ་ཇི་འདྲ་ཡོད་མེད་ཐོག་ལམ་སྟོན་སློབ་ཁྲིད་གནང་།
ཟབ་སྦྱོང་འདིའི་དམིགས་ཡུལ་གཙོ་བོ་ནི་སློབ་གྲྭའི་ནང་སློབ་ཕྲུག་རྣམས་ལ་བདེ་འཇགས་དང་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཐབས་བྱ་རྒྱུ་དེ་ཡིན། སློབ་ཕྲུག་ཚོས་སློབ་སྦྱོང་ཡག་ཤོས་ནི་འཇིགས་སྣང་བྲལ་བའི་ཁོར་ཡུག་ཞིག་གི་ནང་བྱེད་ཐུབ་ཀྱི་ཡོད་པར་སོང་། ཁོང་ཚོར་ལུས་སེམས་གཉིས་དང་སྤྱི་ཚོགས་ཀྱི་གནས་བབ་གང་གི་ཐོག་ནས་ཀྱང་བདེ་འཇག་དང་རང་དབང་ལྡན་པའི་ཁོར་ཡུག་བསྐྲུན་དགོས་རྒྱུ་ནི་སློབ་གྲྭ་ཁག་གི་སློབ་སྤྱི་གཙོས་པའི་འབྲེལ་ཡོད་ཡོངས་ཀྱི་འགན་འཁྲི་ཡིན། སློབ་ཕྲུག་ཚང་མར་བདེ་འཇག་དང་སྐྱིད་སྣང་དོད་པའི་སློབ་གྲྭའི་འཚོ་བ་ཞིག་བསྐྲུན་ཏེ་ཁོང་ཚོའི་རྒྱུད་ལ་འགྲོ་བ་མིའི་བཟང་སྤྱོད་ཀྱི་རིན་ཐང་གི་རྨང་གཞི་བརྟན་པོ་ཞིག་འཚུགས་ཐུབ་པ་བྱས་ཏེ་མ་འོངས་མི་ཚེའི་ནང་ཐག་གཅོད་དང་འདམ་ཀ་ཇི་འདྲ་ཞིག་བྱས་རུང་བཟང་པོའི་ལམ་ནས་བྱེད་ཐུབ་པ་བཟོ་རྒྱུ་ནི་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རེ་ཡང་ཡིན།
ཟབ་སྦྱོང་སྐབས་ཁྱད་སྟོན་མི་སྣ་རྣམས་ཀྱིས་འཛུལ་ཞུགས་གནང་མཁན་ཚོར་བྱིས་པའི་འཚོ་གནས་དང་། བདེ་སྲུང་། འཚར་ལོངས་དང་མཉམ་ཞུགས་སོགས་ཀྱི་ཐོབ་ཐང་དང་། བྱིས་པའི་ཐོབ་ཐང་གི་བཅས་ཁྲིམས། དེ་བཞིན་ཕྱི་ལོ་ ༢༠༡༢ ལོའི་བྱིས་པ་རྣམས་འཁྲིག་སྤྱོད་ཀྱི་ཕོག་ཐུག་ལས་སྲུང་སྐྱོབ་ཀྱི་བཅས་ཁྲིམས་དང་དེ་དག་ལག་བསྟར་བྱེད་ཕྱོགས་བཅས་ཀྱི་ཐོག་ཟབ་ཁྲིད་གནང་།
དེ་རྗེས་ཤེས་རིག་སྤྱི་ཁྱབ་མདུན་ལམ་སློབ་སྟོན་པ་སྒྲོལ་དཀར་དབང་མོ་ལགས་ཀྱིས་ཉིན་བཞིའི་ཟབ་སྦྱོང་གི་སྙིང་བསྡུས་གསུང་བཤད་དང་། ཟབ་སྦྱོང་བ་རྣམས་ལ་བྱིས་པའི་སེམས་ཁམས་ཀྱི་བདེ་འཇགས་ནི་ཁོང་ཚོ་སྐྱེད་སྲིང་བྱེད་སྐབས་གཙོ་ཆེར་འཛིན་དགོས་པའི་གལ་གནད་ཡིན་པར་སོང་། བྱིས་པ་རྣམས་བྱམས་དང་སྙིང་རྗེའི་ཐབས་ལམ་གྱི་ཐོག་ནས་སྐྱོང་གནང་དགོས་སྐོར་གྱི་རེ་སྐུལ་གནང་། དེ་རྗེས་ཁོང་ནས་ཟབ་སྦྱོང་དེའི་དཔལ་འབྱོར་གྱི་སྦྱིན་བདག (Global Affairs Canada) རུ་ཐུགས་རྗེ་ལེགས་འབུལ་ཞུས་གནང་།
ཟབ་སྦྱོང་འདིིར་བོད་ཕྲུག་ཁྱིམ་སྡེའི་ཁྱབ་ཁོངས་ཀྱི་སློབ་སྤྱི་ ༨ དང་། བལ་ཡུལ་གངས་ཅན་བདེ་རྩའི་ཁྱབ་ཁོངས་ཀྱི་སློབ་སྤྱི་ ༣། མ་སུ་རི་བོད་ཁྱིམ་ཁྱབ་ཁོངས་ཀྱི་སློབ་སྤྱི ༢ བཅས་སློབ་སྤྱི་ ༢༢ དང་། ཤེས་རིག་མདུན་ལམ་སློབ་སྟོན་པ་ ༤ བཅས་ཁྱོན་བསྡོམས་འཛུལ་ཞུགས་གནང་མཁན་མི་གྲངས་ ༢༨ བྱུང་།

སྔོན་མ།
བོད་ཀྱི་དཔེ་མཛོད་ཁང་གི་ཤེས་ཡོན་དང་འབྲེལ་བའི་ཚོགས་པ་ཁ་བའི་གཅེས་ནོར་གྱི་གཏམ་བཤད་ལས་རིམ་གསལ་བརྡ།
ཕྱི་མ།
བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་གཉིས་ཡིག་རྒྱུགས་གྲུབ་འབྲས་ཡར་རྒྱས་ཕྱིན་པ།
Menu