༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༡༢ ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༨-༡༩ ལོའི་ཨ་རིའི་མཐོ་སློབ་སློབ་ཡོན་གྱི་མི་འགྲོ་དྲུག་དང་སྒུག་ཐོ་གྲངས་ ༥ བཅས་གཏན་འབེབས་བྱུང་བའི་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༦ ཐོག་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང་། ཤེས་རིག་དྲུང་ཆེ་སྣང་ས་ཆོས་སྒྲོན་ལགས། ལྡི་ལིར་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཀྱི་ཤེས་ཡོན་དྲུང་ཆེ་ Matthew K. Asada ལགས། ཤེས་རིག་སློབ་ཡོན་ཚན་པའི་འགན་འཛིན་ངག་དབང་ཡོན་ཏན་ལགས། ཕྱི་ནང་གི་གསར་འགོད་པ་སོགས་ཚང་འཛོམས་ཐོག་ཤེས་རིག་བཀའ་བློན་མཆོག་གིས་གསུང་དོན། དེ་རིང་འདིར་གསར་འགོད་ལྷན་ཚོགས་སྐོང་ཚོགས་གནང་དགོས་དོན་ནི། ཕྱི་ལོ་ ༢༠༡༨ ལོའི་ཨ་རིའི་མཐོ་སློབ་སློབ་ཡོན་ཁོངས་རྒྱ་གར་ནས་མི་འགྲོ་གྲངས་དྲུག་དང་བལ་ཡུལ་ནས་གཅིག་བཅས་མི་གྲངས་བདུན་འདེམས་སྒྲུག་བྱེད་རྒྱུའི་སྐོར་ལས་རིམ་བྱུང་བ་རེད། ལས་རིམ་འདིའི་ནང་སྔོན་མ་ཡིན་ན་སློབ་ཕྲུག་ཚང་མ་དྷ་སར་ཕེབས་ཏེ་ཤེས་རིག་ལས་ཁུངས་ནས་མིང་ཐོ་ཞིབ་བཤེར་དང་ཆ་རྐྱེན་ཚང་བ་རྣམས་ཡར་སྐད་གཏང་ནས་དུས་གཅིག་ལ་འཚང་རྒྱུགས་ལེན་གྱི་ཡོད་རེད།
འདི་ལོར་འགྱུར་བ་ཕྲན་བུ་ཕྱིན་ཏེ་སྔ་ལོར་ Matthew K. Asada ལགས་ཕེབས་ཏེ་ཡིག་རྒྱུགས་གཏོང་མཁན་མང་པོ་ཡོད་སྟབས་ངག་རྒྱུགས་ཡག་པོ་བྱེད་ཐུབ་ཀྱི་མེད་པ་དང་། གཉིས་ནས་ IBT TOEFLགཏོང་རྒྱུ་དང་བོད་ཡིག་དང་བོད་ཀྱི་གནད་དོན་སྐོར་ལ་རྟོག་ཞིབ་བྱེད་རྒྱུ་དེ་དག་སྔོན་ནས་བྱས་པ་ཡིན་ན་ཡག་པོ་འདུག་ཅེས་དགོངས་འཆར་ཕེབས་པ་རེད། དེར་བརྟེན་ལྡི་ལིར་སློབ་ཡོན་སྡེ་ཚན་ངོས་ནས་གྲ་སྒྲིག་བྱས་ཏེ་ད་ལོ་སློབ་ཕྲུག་ ༩༢ ཙམ་མཉམ་ཞུགས་གནང་འདུག དེའི་ནང་ནས་སློབ་ཕྲུག་ ༢༠ ཐམ་པ་ཨང་རིམ་གཞིར་བཟུང་འདེམགས་སྒྲུག་གནང་སྟེ་སྐུ་ཞབས་ Mathew དང་ཨ་རིའི་བསྟི་གནས་ཁང་ནས་སྐུ་ཞབས་ J.P. Das ལགས་ལོ་ལྟར་ཕེབས་ཀྱི་ཡོད། དེའི་ཐོག་ལ་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་སྣང་ས་ཆོས་སྒྲོན་ལགས་བཅས་གསུམ་གྱི་ཐོག་ནས་སློབ་ཕྲུག་ ༢༠ ལ་ངག་རྒྱུགས་གནང་ཡོད། ཐེངས་འདིའི་ལས་རིམ་ཡག་པོའི་ཐོག་ནས་མཇུག་སྒྲིལ་བ་ལྟ་བུ་ཆགས་སོང་། འདེམས་ཐོན་བྱུང་བ་རྣམས་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། འདེམས་ཐོན་མ་བྱུང་བ་རྣམས་མུ་མཐུད་གྲ་སྒྲིག་བྱས་ནས་གོ་སྐབས་འདི་ལོ་ལྟར་ཡོང་བཞིན་ཡོད། དེར་བརྟེན་འདིའི་ཐོག་ཚུད་ཐུབ་རྒྱུའི་གྲ་སྒྲིག་གནང་རོགས་ཞེས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། ཞེས་གསུངས།
ཨ་རིའི་མཐོ་སློབ་སློབ་ཡོན་གྱི་མི་འགྲོ་དྲུག་ནི། བསྟན་འཛིན་ཆོས་ལྡན། བསྟན་འཛིན་མཁའ་འགྲོ། བཀྲ་ཤིས་རྣམ་རྒྱལ། བསྟན་འཛིན་འཆི་མེད། བསྟན་འཛིན་འཛོམས་སྐྱིད། འཇམ་དཔལ་གཞོན་ནུ་བཅས་དང་། སྒུག་ཐོ་ལྔ་ནི། པ་སངས་ཚེ་སྐྱིད། བསྟན་འཛིན་དབྱངས་སྐྱིད། མིག་དམར་བུ་འཁྲིད། བསྟན་འཛིན་ཀུན་ལྡན། ཚེ་རིང་བློ་ལྡན་བཅས་ཡིན།
ཨིན་ཇིའི་སྟེང་གཟིགས་འདོད་ཡོད་ཚེ་འདིར་ནོན།