༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༠༣ ཚེས་ ༡༡ དང་ ༡༢ བཅས་ཉིན་གྲངས་གཉིས་རིང་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ཚོགས་ཁང་དུ་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གཅིག་ལྕོགས་ཀྱི་ལྷན་ཚོགས་ཐེངས་བཅུ་གཅིག་པ་བསྐོང་ཚོགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ ༩།༣༠ ཐོག་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཙོས་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་དང་། ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ལྷག་རྡོར་ལགས། ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས། གཞན་ཡང་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་མི་བཅས་ཚང་འཛོམས་ཀྱིས་ཐོག་མར་ཤེས་ལྷན་འགན་འཛིན་ནས་ཕེབས་བསུ་དང་ལས་རིམ་ངོ་སྤྲོད་གསུང་བཤད་གནང་ཡོད།
དེ་རྗེས་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ཤེས་ཡོན་ལྷན་ཚོགས་ཀྱི་དམིགས་ཡུལ་བསྐྱར་ཞིབ་གནང་དགོས་པ་དང་། ཤེས་ཡོན་གྱི་སྒྲོམ་གཞི་ཕུགས་རྒྱང་རིང་པོ་གནས་ཐུབ་པ་ཞིག་བཟོ་དགོས་པ། སློབ་ཕྲུག་རྣམས་ལ་སློབ་ཁྲིད་གནང་སྐབས་བོད་ཀྱི་ཆོས་དང་རིག་གཞུང་སོགས་ངོ་སྤྲོད་གནང་དགོས་པ། དགེ་རྒན་རྣམས་ནས་ཀྱང་སློབ་ཁྲིད་གནང་བ་ཙམ་མ་ཡིན་པར་གྲུབ་འབྲས་ཐོན་ཡོད་མེད་ཞིབ་འཇུག་གནང་དགོས་པ། དེ་བཞིན་སྲོལ་རྒྱུན་བོད་ཀྱི་ཤེས་ཡོན་གྱི་ལམ་ལུགས་ཀྱི་སྒོ་ནས་སློབ་ཁྲིད་གནང་དགོས་གལ་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད།
དེ་རྗེས་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ཐོག་མར་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་གཙོས་པའི་ཚོགས་མི་ཡོངས་ཀྱིས་འདས་པའི་ལོ་གཉིས་རིང་སློབ་གྲྭ་ཁག་ཏུ་ཕེབས་ཏེ། འཛིན་ཁང་ནང་གཟིགས་སྐོར་དང་། ཕྲུ་གུ། དགེ་རྒན། ཕ་མ་བཅས་དང་ལྷན་བཀའ་མོལ་གནང་བས་ཡི་རངས་བསྔགས་བརྗོད་གནང་བ་དང་། ཤེས་རིག་ལས་ཁུངས་ངོས་ནས་ཕྱི་ལོ་ ༢༠༢༣ ནང་མ་སུ་རི་དང་། གོ་པཱལ་པུར། ཀ་སྦུག ལུགས་བསམ་བཅས་སློབ་གྲྭ་ཁག་ཏུ་ཤེས་ཡོན་འདུ་འཛོམས་གོ་སྒྲིག་ལེགས་གྲུབ་བྱུང་ཡོད་ལུགས་དང་། དེ་བཞིན་སྦེལ་ཇམ་དང་། ཨོ་སྟྲེ་ལི་ཡ། སུད་སི་བཅས་ཀྱི་གཟའ་མཇུག་སློབ་གྲྭའི་དགེ་རྒན་རྣམས་ལ་དྲྭ་ཐོག་སློབ་ཁྲིད་གནང་ནས་གྲུབ་འབྲས་ཡག་པོ་ཐོན་ཡོད་པའི་སྐོར་གསུངས་པ་དང་སྦྲགས། མ་འོངས་པར་ཡང་དེ་ལྟ་བུའི་ལས་གཞི་གནང་འཆར་ཡོད་སྐོར་སོགས་གསུངས། དེ་མཚུངས་ཤེས་རིག་ལས་ཁུངས་ནས་སློབ་གྲྭ་ཁག་གི་འཛིན་རིམ་ ༥ དང་ ༨ པའི་སྤྱི་ཡོངས་ཡིག་རྒྱུགས་ (Common Examination) གཏན་འབེབས་གནང་རྒྱུ་ཡིན་པ་དང་། བོད་ཡིག་ཚོགས་ཐེངས་སྐབས་གཏོང་ཡིག་དང་སྙན་ཞུ་འབྲི་སློབ་གཏན་འབེབས་གནང་རྒྱུ་ཡིན་སྐོར་ཐོག་གསུང་བཤད་གནང་ཡོད།
དེ་ནས་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དེང་སང་སློབ་གྲྭ་དང་དགོན་སྡེ་ཁག་ཏུ་བོད་པའི་སློབ་ཕྲུག་དང་གྲྭ་བཙུན་གྲངས་ཉུང་དུ་འགྲོ་བཞིན་པའི་སྐོར་དང་། མ་འོངས་པར་གནས་སྟངས་དེ་དང་འཚམ་པའི་ལས་འཆར་བཟོ་དགོས་པ། དེ་དག་གི་གྲངས་ཐོ་ཚད་ལྡན་ཞིག་བསྡུ་རུབ་བྱེད་དགོས་གལ་སྐོར་ནན་བཤད་གནང་བ་དང་འབྲེལ། རྒྱ་གར་གཞུང་གི་སྒྲིག་གཞི་དང་མཐུན་པའི་སྒྲོམ་གཞི་ལེགས་བཅོས་གནང་དགོས་གལ་དང་། གཟའ་མཇུག་སློབ་གྲྭ་ཚོགས་དཀའ་བའི་ས་ཁུལ་དུ་དྲྭ་ཐོག་སློབ་ཁྲིད་གནང་དགོས་རྒྱུ་བཅས་གསུང་བཤད་གནང་།
བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གཅིག་ལྕོགས་ཀྱི་ལྷན་ཚོགས་ཐེངས་བཅུ་གཅིག་པའི་ཐོག་ལྷན་ཚོགས་ཀྱི་ཚོགས་གཙོ་གཙོས་པའི་ཚོགས་མི་བཅུ་པོ་ནས་ཚོགས་བཅར་ཞུས་ཡོད། ཚོགས་མིའི་ཁོངས་སུ་བཀའ་ཤག་གིས་ཐད་བསྐོས་ཚོགས་གཙོ་དགེ་བཤེས་ལྷག་རྡོར་ལགས་དང་། བཀའ་ཤག་གིས་ཐད་བསྐོས་ཚོགས་མི་དང་དྲུང་ཆེ་གཅིག་ལྕོགས་དྲུང་འཕར་བསྟན་འཛིན་པདྨ་ལགས། ཤེས་རིག་ལས་ཁུངས་ཀྱི་དེང་རབས་དང་སྲོལ་རྒྱུན་ཤེས་ཡོན་ཚན་པའི་འགན་འཛིན་དྲུང་འཕར་བསྟན་འཛིན་རྡོ་རྗེ་ལགས། དྷ་ས་བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་ཤེས་ཡོན་ངེས་སྟོན་པ་བསྟན་འཛིན་མཚན་ལེགས་སམ་འབྲུག་ཚེ་རིང་ལགས། མ་སུ་རི་བོད་ཁྱིམ་གྱི་སྤྱི་ཁྱབ་ཤེས་ཡོན་འགན་འཛིན་འབུམ་རམས་པ་སངས་དོན་གྲུབ་ལགས། སཾ་བྷོ་ཊ་བོད་སློབ་ཚོགས་པའི་སྤྱི་ཁྱབ་འགན་འཛིན་ཚེ་རིང་དོན་གྲུབ་ལགས། བལ་ཡུལ་གངས་ཅན་བདེ་རྩའི་སྤྱི་ཁྱབ་ཤེས་ཡོན་འགན་འཛིན་བསྟན་འཛིན་རབ་རྒྱས་ལགས། བཀའ་ཤག་གིས་ཐད་བསྐོས་གཞུང་ཁོངས་མིན་པའི་ཁྱད་ལས་པ་གསུམ་ཝཱ་ཎ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་རིག་གནས་སློབ་དཔོན་ལྷག་པ་ཚེ་རིང་ལགས། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་སྤྱི་ཟུར་བསོད་ནམས་རྒྱལ་མཚན་ལགས། སྒང་ཏོག་དཔལ་ཁང་སློབ་གཉེར་ཁང་གི་སློབ་སྤྱི་སྤྱི་ཟུར་དཔལ་ཁང་ཉི་མ་དོན་གྲུབ་ལགས་བཅས་ཡིན། །