ཟླ་རེའི་གསར་འགྱུར།

བལ་ཡུལ་ཁུལ་གྱི་སློབ་གྲྭ་ཁག་གི་གཞི་རིམ་འོག་མའི་བོད་དགེ་རྣམས་ལ་སྐད་ཡིག་སློབ་དེབ་གསར་པ་རྒྱུས་སྟོན་ཟབ་སྦྱོང་།

གསར་འཕྲིན།

༄༅། །གཏན་ཉིན་སློབ་གྲྭ་ཁག་གི་ཤེས་ཡོན་གྱི་རྨང་གཞི་ཚད་ལྡན་ཡོང་མིན་ནི་གཞི་རིམ་འོག་མའི་ཤེས་ཡོན་སྤྲོད་སྟངས་ལ་རག་ལས་ཡོད་སྟབས། འདི་ག་ཤེས་རིག་ལས་ཁུངས་ཀྱིས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་དང། བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་དང་མཐུན་པའི་སློབ་དེབ་བསྐྱར་ཞིབ་དང་། རྩོམ་སྒྲིག་དཔར་འགྲེམས་སོགས་བྱས་དང་བྱེད་མུས་ཡིན་ཞིང། ཕྱི་ལོ་༢༠༡༥ ལོར་སྔོན་འགྲོ་ནས་འཛིན་རིམ་ལྔ་པ་བར་གྱི་བོད་ཡིག་སློབ་དེབ་དང་། འཛིན་རིམ་དང་པོ་དང་གསུམ་པའི་ཨང་རྩིས། འཛིན་རིམ་གསུམ་པའི་སྤྱི་ཚོགས་ཚན་རིག་བཅས་སློབ་དེབ་གསར་པ་ཁག་ཅིག་དཔར་འགྲེམས་ཀྱིས་སློབ་ཁྲིད་ལག་བསྟར་གནང་འགོ་བཙུགས་ཡོད།
དེ་བཞིན་རྒྱ་གར་ནང་ཡོད་པའི་གཏན་ཉིན་སློབ་གྲྭ་ཁག་ཕལ་ཆེ་བའི་གཞི་རིམ་འོག་མའི་བོད་དགེ་རྣམས་ལ་བོད་ཡིག་སློབ་དེབ་གསར་པ་རྒྱུས་སྟོན་ཟབ་སྦྱོང་གྲུབ་ཟིན་པ་དང་། བལ་ཡུལ་ཁུལ་གྱི་སློབ་གྲྭ་ཁག་གི་གཞི་རིམ་འོག་མའི་བོད་དགེ་རྣམས་ལ་བོད་ཡིག་སློབ་དེབ་གསར་པའི་ནང་དོན་དང་ཁྲིད་ཐབས་སོགས་ཀྱི་ངོ་སྤྲོད་ཆེད་ཤེས་རིག་ལས་ཁུངས་དང་བལ་ཡུལ་གངས་ཅན་བདེ་རྩ་མཉམ་འབྲེལ་ཐོག་ནས་བལ་ཡུལ་ཁུལ་གྱི་གཞི་རིམ་འོག་མའི་བོད་དགེ་རྣམས་ལ་སློབ་དེབ་གསར་པ་ངོ་སྤྲོད་ཆེད་བོད་ཡིག་སློབ་དེབ་རྩོམ་སྒྲིག་པ་གཉིས་ཆེད་བསྐྱོད་ཀྱིས་ཕྱི་ལོ་༢༠༡༦ ཟླ་༧ ཚེས་༡༤ ནས་༡༦ བར་ཉིན་གྲངས་གསུམ་རིང་བལ་ཡུལ་ཞེ་ཆེན་དགོན་དུ་ཟབ་སྦྱོང་གོ་སྒྲིག་ཞུས།
ཟབ་སྦྱོང་དབུ་འཛུགས་སྐབས་བལ་ཡུལ་གངས་ཅན་བདེ་རྩའི་འཛིན་སྐྱོང་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་དང་། ཤེས་ཡོན་འགན་འཛིན་བསྟན་འཛིན་རབ་རྒྱས་ལགས། སློབ་དེབ་རྩོམ་སྒྲིག་པ་གཉིས། དགེ་རྒན་རྣམ་པ་ལྷན་འཛོམས་ཐོག་ཤེས་ཡོན་འགན་འཛིན་གྱིས་ཟབ་སྦྱོང་སྤྲོད་དགོས་པའི་བརྒྱུད་རིམ་དང་དམིགས་ཡུལ་ངོ་སྤྲོད་གནང་རྗེས། འཛིན་སྐྱོང་དྲུང་ཆེ་བསོད་ནམས་ཚེ་ལགས་ཀྱིས་དབུ་འབྱེད་གསུང་བཤད་དུ་སློབ་དེབ་རྩོམ་སྒྲིག་པ་གཉིས་དཀའ་ངལ་ལ་མ་འཛེམས་པར་རྒྱ་གར་ནས་འདི་ཕེབས་པར་བཀའ་དྲིན་ཆེ་ཞུ་བ་དང། དགེ་རྒན་ནི་སློབ་ཕྲུག་གི་མིག་དཔེ་ལྟ་ས་ཞིག་ཡིན་སྟབས་གལ་ཆེན་པོ་ཆགས་ཡོད། ད་ལྟའི་ཟབ་སྦྱོང་ནང་ཞུགས་ཏེ་རྗེས་མ་ལག་ལེན་བསྟར་རྒྱུ་གལ་ཆེན་པོ་ཡིན་པ་དང་། དགེ་རྒན་གྱིས་ནོར་འཁྲུལ་ཞིག་བསླབ་པ་ཡིན་ན་སློབ་ཕྲུག་གི་སེམས་ནང་ལ་ཟུག་སྟེ་ལས་སླ་པོ་འགྱུར་བ་གཏོང་མི་ཐུབ་པས་མ་ཤེས་པ་རྣམས་འོལ་ཚོད་ཀྱི་མི་བསླབ་པར་ཤེས་མཁན་ལ་སྐད་ཆ་འདྲི་བ་དང་། ཟབ་སྦྱོང་སྐབས་དོགས་འདྲི་བྱས་ཏེ་གང་བསླབ་པ་སྤུས་དག་མོ་ཞིག་བསླབ་པ་དང་། ཟབ་སྦྱོང་དུ་གང་གསུངས་པ་དེ་དགོངས་པའི་ནང་བཞག་སྟེ་སློབ་ཁྲིད་ཀྱི་ལག་ལེན་ཁྲོད་བེད་སྤྱོད་གཏོང་རྒྱུ་གལ་ཆེན་ཡིན་པ་དང་། བལ་ཡུལ་དུ་ཆབ་སྲིད་ཀྱི་གནས་སྟངས་དང་། ས་ཐག་རིང་བའི་དགེ་རྒན་རྣམས་ལ་ཟབ་སྦྱོང་ཐོབ་པ་ཉུང་བས། མ་འོངས་པར་ཡང་ཡང་ཕེབས་ཏེ་འདི་ལྟ་བུ་ཟབ་སྦྱོང་སྤྲོད་པར་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་གསུངས།
    ཐེངས་འདིའི་རྒྱུས་སྟོན་ཟབ་སྦྱོང་དུ་བལ་ཡུལ་གངས་ཅན་བདེ་རྩའི་ཁྱབ་ཁོངས་ཀྱི་རྣམ་རྒྱལ་འབྲིང་སློབ་དང་། སྲོང་བཙན་སློབ་གྲྭ། རྣམ་རྒྱལ་མཐོ་སློབ། གངས་ཏི་སེ་སློབ་གྲྭ། ཨ་ཏི་ཤ་སློབ་གྲྭ། འཇམ་དབྱངས་སློབ་གྲྭ་བཅས་ཀྱི་བོད་ཡིག་དགེ་རྒན་བདུན་ངོ་ཞུགས་གནང་།
དེ་བཞིན་དཔལ་ལྡན་ཆོས་རིག་ལས་ཁུངས་ཀྱིས་བཀོད་མངགས་ལྟར། བལ་ཡུལ་གངས་ཅན་བདེ་རྩས་གོ་སྒྲིག་འོག་ཞེ་ཆེན་དགོན་གྱི་དགེ་རྒན་རྣམས་ལ་སློབ་ཁྲིད་འཆར་འགོད་གནང་སྟངས་དང་། རྩོམ་རིགས་ངོ་སྤྲོད་བྱེད་ཐབས། བརྡ་སྤྲོད་ངོ་སྤྲོད་བྱེད་ཐབས་བཅས་ཀྱི་ཟབ་སྦྱོང་ལའང་སློབ་སྟོན་ཞུས་ཐུབ་པ་བྱུང་ཡོད་པ་དང་། ཐེངས་འདིའི་ཟབ་སྦྱོང་སྐབས་དང་པོ་རེད་འདུག
འཆར་ཟླའི་ནང་ལ་དྭགས་ཁུལ་གྱི་གཞི་རིམ་འོག་མའི་བོད་དགེ་རྣམས་ལ་བོད་ཡིག་སློབ་དེབ་རྒྱུས་སྟོན་གྱི་ཟབ་སྦྱོང་མཐའ་མ་དེ་གནང་འཆར་ཡོད་པ་བཅས།

སྔོན་མ།
གཞི་རིམ་བར་མའི་ཨང་རྩིས་སློབ་དེབ་གཏན་འབེབས་དང་བསྐྱར་ཞིབ།
ཕྱི་མ།
པེ་ས་ཊ་ལོ་ཛིའི་སློབ་ཡོན་ཐོབ་ཆེད་སློབ་མ་བཅོ་ལྔ་ཚུད་རྒྱུགས་ནང་མཉམ་ཞུགས་གནང་བ།
Menu