ཟླ་རེའི་གསར་འགྱུར།

བལ་ཡུལ་གངས་ཅན་བདེ་རྩའི་ཁྱབ་ཁོངས་མཐའ་མཚམས་སློབ་ཁག་གི་གཞི་རིམ་འོག་མའི་དགེ་རྒན་ཟབ་སྦྱོང༌།

གསར་འཕྲིན།

༄༅། །འདི་ག་ཤེས་རིག་ལས་ཁུངས་དང་བལ་ཡུལ་གངས་ཅན་བདེ་རྩ་ཚོགས་པ་ཐུན་མོང་གིས་གོ་སྒྲིག་འོག ཕྱི་ལོ་༢༠༡༤ ཟླ་༡༢ ཚེས་༢༢ ཉིན་སྔ་དྲོ་ཚོུད་༩།༣༠ ཐོག་བལ་ཡུལ་གངས་ཅན་བདེ་རྩའི་ཁྱབ་ཁོངས་མཐའ་མཚམས་སློབ་ཁག་གི་དགེ་རྒན་ཟབ་སྦྱོང་དབུ་འབྱེད་མཛད་སྒོ་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་བསྐྱངས།
དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང། འབྲེལ་ཡོད་ལས་བྱེད། ཟབ་སྦྱོང་བ་རྣམས་ལྷན་འཛོམས་ཐོག ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་ལས་རིམ་ངོ་སྤྲོད་ཀྱིས་གསུང་བཤད་གནང༌བ་དང། འོས་སྦྱོང་བ་རྣམས་ཀྱིས་སོ་སོ་ངོ་སྤྲོད་གནང་རྗེས། སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས། དགེ་རྒན་གྱི་ལས་གནས་ལ་ཞུགས་པ་ལ། དགེ་རྒན་སོ་སོའི་ཁྱད་ལས་ཡར་རྒྱས་གཏོང་པ་དང། སློབ་ཕྲུག་གི་གནས་ཚད་འཚམ་པའི་སློབ་ཚན་འཆར་འགོད་དང་ཐབས་ལམ་མཁས་པོ་གནང་བ། ལྷག་བསམ་གྱིས་ཀུན་ནས་བསླངས་པ་དེ་གསུམ་འཛོམས་པའི་སྒོ་ནས་སློབ་ཕྲུག་ལ་སློབ་ཁྲིད་གནང་བ་ཡིན་ན། དགེ་རྒན་གྱི་ལས་གནས་ལ་ཞུགས་པ་དེ་དོན་དང་ལྡན་པ་ཞིག་ཡོང་བར་གསུངས་པ་དང། དེ་བཞིན་དེང་དུས་གོ་ལ་གཅིག་འགྱུར་དང་བརྡ་འཕྲིན་གྱི་དུས་འདི་ལ་མི་རབས་གསར་པར་འཕྲུལ་ཆས་སོགས་ཤེས་ཡོན་སློབ་པའི་མཐུན་རྐྱེན་མང་པོ་ཞིག་ཡོད་སྟབས། ང་ཚོས་གནའ་བོའི་ཤེས་ཡོན་དང་དེང་རབས་ཤེས་ཡོན་གཉིས་ལྡན་དང་། ཡ་རབས་བཟང་སྤྱོད་ལྡན་པའི་བོད་མི་ཚད་ལྡན་ཞིག་ཡོང་བར་དམིགས་དགོས་པས་ལམ་སྟོན་བཀའ་སློབ་གནང་ནས་མཛད་སྒོ་མཇུག་སྒྲིལ།
ཟབ་སྦྱོང་ཟླ་འདིའི་ཚེས་༢༢ ནས་ཕྱི་ལོ་༢༠༡༥ ཟླ་༡ ཚེས་༡༢ བར་ཉིན་གྲངས་ཉེར་གཉིས་ལ་ཡིན་པ་དང། ཟབ་སྦྱོང་སྐབས་དགེ་རྒན་དང་ཁྱད་མཁས་མི་སྣ། གཞན་ཡང་སྲི་ཞུ་བ་ཁྱད་མཁས་མི་སྣ་གདན་ཞུས་ཀྱིས་བརྗོད་གཞི་འདྲ་མིན་ཐོག་གོ་རྟོགས་སྤེལ་རྒྱུ་ཡིན་པ་དང་། མཛད་རིམ་ནང་གསལ་ལྟར་ན། འོས་སྦྱོང་བ་རྣམས་ལ་དགེ་རྒན་གྱི་ཁྱད་ལས་ཡར་རྒྱས་གཏོང་ཐབས་གཙོས་སློབ་ཁྲིད་ཐབས་ལམ་དང། ཉེས་རྡུང་འགོག་ཐབས༌། མྱོས་རྫས་ངན་གོམས་ལས་གྲོལ་ཐབས། བྱིས་པའི་སེམས་ཁམས་རིག་པ། ཕྲུ་གུ་དམིགས་བསལ་ཅན་ལ་ཤེས་ཡོན་སྤྲོད་ཕྱོགས། གློག་ཀླད་དང་དྲ་ཚིགས་བེད་སྤྱོད་གཏོང་སྟངས། ཤེས་ཡོན་སྲིད་བྱུས་གསར་པའི་ལག་བསྟར་ཉམས་མྱོང༌། རྒྱུན་མཐུད་ཞིབ་འཇུག་གནང་སྟངས། གཞནཡང་ ཨིན་བོད་སྐད་ཡིག་གཉིས་དང་། རྩིས་དང་ཚན་རིག་སོགས་ཀྱི་སློབ་ཁྲིད་གནང་ཐབས་བཅས་ཀྱི་ཐོག་ཟབ་ཁྲིད་གནང་རྒྱུ་རེད།
དེ་དང་འབྲེལ་ནས་ཤེས་ཡོན་དང་འབྲེལ་བའི་དངོས་བྱུང་གློག་བརྙན་མི་ཉུང་བ་ཞིག་ཀྱང་གཟིགས་འབུལ་དང། གཞུང་གི་ལས་ཁུངས་ཁག་དང་དྷ་ས་ཁུལ་གྱི་སློབ་གྲྭ་ཁག་ཅིག་ལ་གཟིགས་སྐོར། མཇུག་ཏུ་དགེ་རྒན་སོ་སོའི་བསམ་ཤོག་བསྡུ་ལེན་བྱེད་རྒྱུ་ཡིན་པ་རེད།

ཐེངས་འདིའི་ཟབ་སྦྱོང་ནང་བལ་ཡུལ་གངས་ཅན་བདེ་རྩའི་ཁྱབ་ཁོངས་སློབ་ཁག་བཞི་ཡི་དགེ་ཆེ་གཉིས་དང་དགེ་རྒན་བཅུ་དྲུག་མཉམ་ཞུགས་གནང་ཡོད་པ་བཅས།

སྔོན་མ།
བསོད་ནམས་ཆོས་སྒྲོན་དང་ཤེས་ཡོན་སྲིད་བྱུས།
ཕྱི་མ།
བརྩམས་སྒྲུང་ཕྱོགས་བསྒྲིགས། སྡེ་ཚན་དང་པོ།
Menu