ཟླ་རེའི་གསར་འགྱུར།

བསོད་ནམས་ཆོས་སྒྲོན་དང་ཤེས་ཡོན་སྲིད་བྱུས།

གསར་འཕྲིན།

བསོད་ནམས་ཆོས་སྒྲོན་ནི་རྒྱ་གར་གྱི་ཨ་རི་ནཱ་ཅལ་མངའ་སྡེའི་ཁོངས་གཏོགས་པདྨ་བཀོད་པ་ནས་ཡིན་ཞིང་། བོད་མིའི་༸སྐྱབས་མགོན་༸གོང་ས་མཆོག་དེ་ཕྱོགས་སུ་ཞབས་སོར་འཁོད་སྐབས་ཤིག་ལ། ས་དེའི་བོད་རིགས་ཚོའི་ཕྲུ་གུ་རྣམས་བཙན་བྱོལ་བོད་མིའི་ཤེས་རིག་ཁྱབ་ཁོངས་སློབ་གྲྭ་ཁག་ཏུ་འཛུལ་ཞུགས་བྱེད་པར། སློབ་ཡོན་མི་དགོས་པའི་གཟིགས་སྐྱོང་གནང་བའི་གྲས་ཀྱི་སློབ་ཕྲུག་ཅིག་གོ། བསོད་ནམས་ཆོས་སྒྲོན་རང་ལོ་ལྔ་སྟེ། ཕྱི་ལོ་ ༢༠༠༧ ཟླ་ ༢ ཚེས་ ༡༣ ཉིན་རྒྱ་གར་བྱང་ཤར་ཁུལ་གྱི་སྤོག་རེ་སྦོང་སཾ་བྷོ་ཊ་གཏན་སློབ་ཏུ་འཛུལ། སྔོན་འགྲོ་ནས་འཛིན་གྲྭ་ལྔ་བ་བར་མི་ལོ་དྲུག་རིང་སློབ་སྦྱོང་གནང་སྟེ་གཞི་རིམ་འོག་མ་སློབ་མཐར་ཕྱིན།
བསོད་ནམས་ཆོས་སྒྲོན་སྔོན་འགྲོ་སྐབས་སུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་བཀའ་ཤག་སྐབས་བཅུ་གསུམ་པས་ཤེས་ཡོན་བྱུས་གཏན་འབེབས་གནང་སྟེ། བཙན་བྱོལ་སྒྲིག་འཛུགས་ཀྱི་ཤེས་རིག་ཁྱབ་ཁོངས་སཾ་བྷོ་ཊའི་གཏན་སློབ་ཁག་ཏུ་དབུ་འཛུགས་ལག་བསྟར་བགྱིས་ཡོད། འདི་ལྟར་གཞིགས་ཚེ་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་ནས་ད་བར་མི་ལོ་ཧྲིལ་བོ་བརྒྱད་དང་ཟླ་བ་ལྔ་ཡས་མས་ཤིག་འགྲོ་བཞིན་ཡོད་པ་དང་། བསོད་ནམས་ཆོས་སྒྲོན་གྱི་སློབ་སྦྱོང་གི་ལོ་རིམ་དང་གཅིག་མཚུངས་ཆགས་ཡོད། མདོར་བསྡུས་ནས་བཤད་ན་བསོད་ནམས་ཆོས་སྒྲོན་གྱི་སློབ་སྦྱོང་གི་དུས་རིམ་དང་ཤེས་ཡོན་སྲིད་བྱུས་གཉིས་ལོ་མཉམ་ཡིན་ཞིང་། དེ་ལས་ཀྱང་གསལ་དུ་བཏང་ན་བསོད་ནམས་ཆོས་སྒྲོན་ནི་ཤེས་ཡོན་སྲིད་བྱུས་ཀྱི་གསོས་ཕྲུག་ཅིག་ཀྱང་རེད།
བསོད་ནམས་ཆོས་སྒྲོན་རང་ལོ་དྲུག་པ་སྟེ་སྔོན་འགྲོའི་སྐབས་སུ་ས་གནས་ཀྱི་ཡུལ་སྐད་ལས་བོད་སྐད་ལ་དེ་ཙམ་བྱང་ཆ་མེད་པ་དང་། རིམ་བཞིན་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་འཛིན་གྲྭ་ལྔ་བ་བར་རྩིས་རིག་དང་། སྤྱི་རིག  ཚན་རིག་སོགས་སློབ་ཚན་ཚང་མ་བོད་སྐད་ཡིག་ཐོག་སྦྱངས་ཤིང་། དམའ་རིམ་སློབ་སྦྱོང་གི་དུས་སྐབས་དེ་རྣམས་སུ་སློབ་ཚན་ཚང་མའི་ཐོག་རྩེ་ཕུད་ཀྱི་གྲས་ཆགས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༡ ལོར་རྡོར་གླིང་འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གིས་གཏན་སློབ་ཁག་ལྔའི་བར། བོད་ཀྱི་ཡིག་གཟུགས་ཚུགས་ཐུང་འགྲན་སྡུར་སྐབས་ཁོ་མོས་ཨང་རིམ་གསུམ་པ་བླངས་ཡོད་པ་རེད།
ད་ལོ་ཁོ་མོ་རང་ལོ་བཅུ་བཞི་དང་། ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་ཁོ་མོས་དབྱིན་ཡིག་རང་ལོ་བཅུ་པའི་ཐོག་སྤོག་རེ་སྦོང་སཾ་བྷོ་ཊ་གཏན་སློབ་ཏུ་འཛིན་གྲྭ་བཞི་པའི་སྐབས་ཐོག་མར་སྦྱང་པའི་དབུ་འཛུགས་གནང་པ་ནས། བསྟུད་མར་ལོ་དུས་གཉིས་རིང་ Soundway program གཙོ་བོར་གྱུར་པའི་དབྱིན་ཇིའི་རྨང་གཞིའི་སློབ་ཚན་ཁག་ལ་སྦྱངས་ཤིང་། འཛིན་གྲྭའི་ཁྲོད་ཁོ་མོ་བོད་ཡིག་དང་དབྱིན་ཡིག་གཉིས་ཀྱིས་གཙོས་སློབ་ཚན་ཚང་མའི་ཐད་རྩེ་ཕུད་ཀྱི་གྲས་སུ་ཚུད་ཡོད་པ་རེད།
བསམ་ཡུལ་འདས་པ་ཞིག་ལ་འདི་ལོའི་ ༢༠༡༤ ཕྱི་ ༨ ཚེས་ ༣༠ ཉིན་གྱི་སྔ་དྲོ་དུས་ཚོད་བཅུ་པའི་ཐོག་རྒྱ་གར་དབུས་གཞུང་ C.B.S.E.  དགེ་རྒན་ཉིན་མོའི་དུས་དྲན་སྲུང་བརྩི་ལ་ཆེད་དུ་དམིགས་ཏེ། རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་གྲྭ་བདུན་པ་དང་། བརྒྱད་པ། དགུ་པ་བཅས་ཀྱི་སློབ་ཕྲུག་ཚོར་དགེ་རྒན་གྱི་བཀའ་དྲིན་ཞེས་པའི་བརྗོད་གཞི་ཞིག་སྐར་མ་བཅོ་ལྔའི་སྔོན་ཚུད་དུ་དྲ་རྒྱ་རུ་བཀྲམས་ཏེ། དེ་མ་ཐག་བརྗོད་གཞི་དེ་སྟེང་དབྱིན་ཡིག་ཐོག་དྲ་ལམ་བརྒྱུད་རྩོམ་ཡིག་འགྲན་སྡུར་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་།  འགྲན་སྡུར་བྱ་འགུལ་དེའི་ནང་སཾ་བྷོ་ཊ་ཅོན་ཏ་རའི་འཛིན་གྲྭ་བརྒྱད་པའི་སློབ་ཕྲུག་བསོད་ནམས་ཆོས་སྒྲོན་ལ་རྩེ་ཕུད་ཁོངས་སུ་བྱ་དགའ་ཐོབ་འདུག་པ་དེའོ།།
ངེད་ནས་གསལ་བོར་ཤོད་འདོད་པ་ནི་བསོད་ནམས་ཆོས་སྒྲོན་ནི་ཤེས་ཡོན་སྲིད་བྱུས་ཀྱི་བརྒྱུད་རིམ་ནང་འཚར་བཞིན་པའི་བོད་མིའི་སྐད་ཡིག་གིས་གཙོས་རང་གི་རིག་གཞུང་ལ་བརྩོན་སྦྱང་བྱེད་མུས་སུ་ཡོད་པ་ཞིག་དང་། དེ་མཚུངས་ཕྱི་གླིང་སྐད་ཡིག་དབྱིན་ཇིས་གཙོས་དེང་དུས་རིག་གསར་གྱི་ཤེས་ཡོན་ལ་སྦྱོང་བ་བྱེད་བཞིན་པའི་སློབ་ཕྲུག་ཅིག་ལགས་ཤིང་། ཁ་ཅིག་ལ་ཤེས་ཡོན་སྲིད་བྱུས་འདིས་སློབ་ཕྲུག་ཚོས་དབྱིན་ཇིའི་ཤེས་ཚད་ལ་དོ་ཕོག་འགྲོ་སྲིད་པའི་རེ་དོགས་ཆེ་བ་ལྟར། སྤྱི་ཚོགས་ཁྲོད་དུ་ཡང་དེ་སྐོར་གྱི་བཤད་ཡམས་ཆེ་བ་ལ། ད་རེས་རྒྱ་གར་དབུས་གཞུང་ C.B.S.E.  གོ་སྒྲིག་གི་དབྱིན་རྩོམ་འགྲན་སྡུར་འདིའི་ཁྲོད། བོད་མིའི་ཤེས་ཡོན་སྲིད་བྱུས་ཀྱི་གསོས་ཕྲུག་མ་ཅིག་རྒྱ་གར་རྒྱལ་ཡོངས་སུ་རྩེ་ཕུད་གྲས་སུ་ཚུད་པ་འདིས་ལན་འདེབས་གསལ་བོ་ཞིག་ཆགས་ཡོད་པར་འདོད།
མདོར་བསྡུས་ནས་བཤད་ན་ཤེས་ཡོན་སྲིད་བྱུས་ཀྱི་དགོས་མཁོ་ནི་མི་རིགས་ཤིག་ཆག་འཇིག་མི་ཡོང་བ་དེ་ཡིན་ཞིང་། ཤེས་ཡོན་སྲིད་བྱུས་ལ་ཁ་གཏད་ལངས་པ་དག་ནི་མི་སྒེར་ཞིག་གི་དགོས་མཁོ་དོན་དུ་གཉེར་བ་དེ་ཁོ་ན་ཡིན། འོན་ཀྱང་ཤེས་ཡོན་སྲིད་བྱུས་འདིས་ཤེས་ཡོན་གཞན་ཞིག་སྦྱང་རྒྱུར་དོ་ཕོག་འགྲོ་ཡི་མེད་པ་ནི་བསོད་ནམས་ཆོས་སྒྲོན་གྱི་དཔེ་མཚོན་ཙམ་ཁོ་ན་ག་ལ་ཡིན།
བསོད་ནམས་ཆོས་སྒྲོན་བཞིན་ཤེས་ཡོན་སྲིད་བྱུས་ཀྱི་གསོས་ཕྲུག་གང་མང་ཞིག་འཛིན་རིམ་ལྔ་བའི་རྗེས། བོད་སློབ་འཛིན་ཚོགས་དང་བོད་ཁྱིམ་སོགས་སུ་སྐྱོད་སྐབས། རིམ་བཞིན་ཁོང་ཚོ་དང་མཉམ་དབྱིན་ཇིའི་སློབ་ཚན་ཐོག་དཀའ་ངལ་མེད་པ་ཞིག་དང་། བོད་སྐད་ཡིག་ཐད་དེ་དག་ལས་ལྷག་ཅིག་ཡོང་གི་འདུག་སྐོར་མི་ལོ་བཅོ་བརྒྱད་རིང་དགེ་རྒན་གནང་མྱོང་ཡོད་མཁན་ཞིག་གིས་ཁོ་བོར་དངོས་སུ་སྨྲས་བྱུང་། མཐའ་དོན་རྩོམ་ཡིག་འདི་ནི་ཤེས་ཡོན་སྲིད་བྱུས་ཀྱིས་དབྱིན་ཡིག་སོགས་སློབ་ཚན་གཞན་དག་ལ།  དོ་ཕོག་འགྲོ་སྙམ་གྱི་རེ་དོགས་ཆེ་བའི་རང་རིགས་ཚོར་དངོས་ཐོག་བདེན་འཚོལ་གྱི་གྲོས་འདེབས་སུ་ཕུལ་བའོ། །

གནས་ཚུལ་མཁོ་གཏོང་བ། སྤོག་རེ་སྤོང་སམ་བྷོ་ཊ་བོད་སློབ་ཀྱི་དགེ་རྒན་རྡོ་རྗེ་རིན་ཆེན།

སྔོན་མ།
གཞི་རིམ་སློབ་གྲྭའི་རིགས་ལམ་བསླབ་གཞི་གཏན་འབེབས་ཚོགས་འདུ།
ཕྱི་མ།
བལ་ཡུལ་གངས་ཅན་བདེ་རྩའི་ཁྱབ་ཁོངས་མཐའ་མཚམས་སློབ་ཁག་གི་གཞི་རིམ་འོག་མའི་དགེ་རྒན་ཟབ་སྦྱོང༌།
Menu