ཟླ་རེའི་གསར་འགྱུར།

བུ་མོ་བསྟན་འཛིན་ཆོས་སྐྱིད་ལགས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་རྩེ་ཕུད་སོན་པ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༧ ཉིན་རྒྱ་གར་རྒྱལ་ཡོངས་འབྲིང་རིམ་སློབ་གྲྭའི་ཡིག་རྒྱུགས་ཆེན་མོའི་ AISSCEགྲུབ་འབྲས་གསལ་བསྒྲགས་གནང་བའི་ནང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་སློབ་གྲྭ་ཁག་གི་སྒྱུ་རྩལ་སྡེ་ཚན་ཁོངས་ནས་རྩེ་ཕུད་སོན་པ་མ་སུ་རི་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་ཆོས་སྐྱིད་ལགས་ཡིན་ཞིང་། ཁོ་མོར་ཐོབ་པའི་བརྒྱ་ཆ་ནི་ ༩༥་༤ ཡིན་འདུག་པས་ད་བར་བཙན་བྱོལ་བོད་རིགས་སློབ་མའི་ཁྲོད་ཨང་རིམ་མཐོ་ཤོས་ཆགས་ཡོད་པར་སོང། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཐུག་འཕྲད་གནང་སྟེ་ཐེངས་འདིར་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོར་གྲུབ་འབྲས་རྩེ་སོན་བྱུང་བར་བསྔགས་བརྗོད་དང་འཚམས་འདྲི་གནང་ཡོད་པ་མ་ཟད། ཤེས་རིག་ལས་ཁུངས་ཀྱིས་གསར་གཏོད་གནང་བའི་སྲིད་སྐྱོང་གི་སློབ་ཡོན་ལེན་མཁན་དང་པོ་དེ་ཡང་བྱུང་བར་དགའ་ཚོར་དང་སྦྲགས་འཚམས་འདྲི་གནང་ཡོད།
    དེ་བཞིན་ཤེས་རིག་དྲུང་ཆེ་རྣམ་གཉིས་དང་། ཕྱི་དྲིལ་དྲུང་ཆེ་སོགས་ནས་ཀྱང་ཐུག་འཕྲད་དང་བསྔགས་བརྗོད་འཚམས་འདྲི་གནང་ཡོད་པ་མ་ཟད། ཐེངས་འདིའི་ཡིག་རྒྱུགས་ཆེན་མོའི་ནང་མ་སུ་རི་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་མང་དག་ཅིག་གིས་རྒྱུགས་འབྲས་ཧ་ཅང་མཐོན་པོ་ལེན་མཁན་མང་ཤོས་བྱུང་ཡོད་པར་སོང་། དམིགས་བསལ་དགེ་རྒན་ལས་བྱེད་རྣམས་ལའང་འཚམས་འདྲི་དང་ཁོང་རྣམ་པའི་འབད་བརྩོན་གནང་བར་ཡང་ཐུགས་རྗེ་ཆེ་ཞུས་ཡོད།པར་པ་ཕན་བདེ།
    བུ་མོ་བསྟན་འཛིན་ཆོས་སྐྱིད་ལགས་ཀྱིས་ད་རེས་ཁོ་མོའི་ཡིག་རྒྱུགས་ལ་གྲུབ་འབྲས་འདི་འདྲ་ཞིག་ཐོབ་པའི་རྒྱུ་རྐྱེན་གཙོ་བོ་སྤྱི་ནོར་༸གོང་ས་མཆོག་གི་ཐུགས་རྗེས་བཀའ་དྲིན་ཉག་ཅིག་དང་། དབུས་བོད་མིའི་སྒྲིག་འཛུགས། མ་སུ་རི་བོད་ཁྱིམ་སློབ་གྲྭའི་དགེ་ལས་རྣམ་པས་རོགས་རམ་དང། རང་ཉིད་ཀྱི་ཕ་མ་གཉིས་ཏེ་དེ་ཡང་ཕ་དམ་པ་ཁོང་སོགས་ཀྱིས་བཀའ་དྲིན་ཡིན། ཞེས་འགྲེལ་བརྗོད་བྱས་ཡོད། བུ་མོ་བསྟན་འཛིན་ཆོས་སྐྱིད་ལགས་ཀྱི་ཕ་མ་གཉིས་ནི་མ་སུ་རི་བོད་ཁྱིམ་སློབ་གྲྭའི་ལས་བྱེད་ཡིན་པ་དང་ཁོ་མོས་སློབ་གྲྭ་དེའི་ནང་ཕྱི་ལོ་ ༢༠༠༤ ལོ་ནས་སློབ་སྦྱོང་གནང་འདུག

སྔོན་མ།
རྒྱ་གར་རྒྱལ་ཡོངས་འབྲིང་རིམ་སློབ་གྲྭ་ཁག་གི་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་བྱས་པ།
ཕྱི་མ།
སྲིད་སྐྱོང་སློབ་ཡོན་ཐོག་མ་དེ་བསྟན་འཛིན་ཆོས་སྐྱིད་ལགས་ལ་ཐོབ་པའི་གསར་འགོད་གསལ་བསྒྲགས།
Menu