ཟླ་རེའི་གསར་འགྱུར།

བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་ཁག་གི་དགེ་རྒན་རྣམས་ལ་དྲྭ་ཐོག་ཟབ་སྦྱོང་གོ་སྒྲིག་ཞུས་པ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༢ ཚེས་ ༢༥ རེས་གཟའ་ཉི་མའི་ཉིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་སུད་སི་དང་ལིག་ཊེན་སིཊཡན་ཁྱབ་ཁོངས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་ཁག་གི་དགེ་རྒན་རྣམས་པ་ལ་དྲྭ་ཐོག་ཟབ་སྦྱོང་ཞིག་གོ་སྒྲིག་ཞུས་ཡོད།

དེ་ཡང་སུད་སི་དང་ལིག་ཊེན་སིཊཡན་བོད་སློབ་སྤྱི་ཁྱབ་འགན་འཛིན་ཚེ་དབང་མུན་སེལ་ལགས་དྷ་ས་ཆེད་བཅར་གྱིས་ཤེས་རིག་ལས་ཁུངས་ལ་འབོད་སྐུལ་ཞུ་དོན་ལྟར། ཤེས་རིག་ཤེས་ཡོན་ལྷན་ཚོགས་ཡིག་ཚང་ནས་གོ་སྒྲིག་ཞུས་པ་དང་། ཟབ་སྦྱོང་འགོ་འཛུགས་མ་ཞུས་གོང་བོད་སློབ་སྤྱི་ཁྱབ་འགན་འཛིན་གྱིས་ཟབ་སྦྱོང་ངོ་སྤྲོད་ཞུས་རྗེས་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ཟབ་སྦྱོང་དབུ་འབྱེད་དང་འབྲེལ་ལམ་སྟོན་གསུང་བཤད་གནང་དོན།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྟག་ཏུ་བཀའ་སློབ་ལམ་སྟོན་གནང་བ་ལྟར། ང་ཚོ་བོད་པ་མི་རེ་ངོ་རེ་ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཆེད་ལས་འགན་ཡོད་སྟབས། རྣམ་པ་ཚོས་འགན་འཁུར་དང་དུ་བླངས་ནས་སོ་སོའི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཆེད་ཕྱག་ལས་གནང་བ་ལ་ཡི་རང་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུས་པ་དང་། ཤེས་རིག་ལས་ཁུངས་ནས་ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་བཞུགས་པའི་བོད་པའི་ཕྲུ་གུ་རྣམས་སྙོབ་ཀྱི་མི་འདུག་ཟེར་ནས་མ་བསྡད་པར་ལས་འཆར་འདྲ་མིན་གྱི་ཐོག་ནས་མཐུན་འགྱུར་ཞུ་རྒྱུའི་གྲ་སྒྲིག་ཨང་གསར་བྱས་ནས་བསྡད་ཡོད། དེང་སང་དྲྭ་རྒྱའི་མཐུན་རྐྱེན་ཡོད་པས། དྲྭ་ཐོག་ནས་ཟབ་སྦྱོང་ཕུལ་བ་དང་། རྣམ་པ་ཚོས་སྦྲག་གླ་གནང་ནས་ཉེ་ཆར་ཀློག་དེབ་མི་ཉུང་ཕུལ་བ་ལྟར་མ་འོངས་པར་ཡང་དེ་དེ་བཞིན་ཤེས་རིག་ནས་ཀློག་དེབ་ཁག་ཕུལ་བར་མུ་མཐུད་འབད་བརྩོན་ཞུ་རྒྱུ་ཡིན། ཞེས་གསུངས་པ་དང་།

དེ་བཞིན་དགེ་རྒན་རྣམ་པས་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་བཀླགས་ཏེ། དེའི་ནང་གི་ཤེས་ཡོན་དགོས་དམིགས་རྣམས་ཡིད་ལ་ངེས་པ་བྱེད་དགོས་པ་དང་། ཕ་མ་རྣམས་ཀྱིས་ཀྱང་ནམ་རྒྱུན་ཕྲུ་གུ་དང་ལྷན་དུ་བོད་སྐད་ནས་བཀའ་མོལ་གནང་དགོས་པ་སོགས་གསུངས།

དྷ་སྟེང་བོད་ཁྱིམ་སྔོན་འགྲོའི་དགེ་རྒན་བྱམས་པ་དཔལ་མོ་ལགས་ནས་སྔོན་འགྲོའི་དགེ་རྒན་ཚོར་ཕྲུ་གུ་ལོ་གསུམ་ནས་ལྔ་བར་གྱི་སློབ་ཕྲུག་ལ་མོན་ཊེ་སོ་རིའི་ལམ་ལུགས་ཀྱི་སློབ་ཁྲིད་ཐབས་ལམ་སྐོར་ངོ་སྤྲོད་གནང་བ་དང་། སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་བསྟན་འཛིན་པདྨ་ལགས་ཀྱིས་སཱི་ཤེས་ཡོན་སློབ་གསོ་ནས་དགེ་སློབ་དབར་གྱི་འབྲེལ་ལམ་ལ་ཕན་པའི་ཐབས་བྱུས། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་བོད་ཡིག་དགེ་རྒན་པ་སངས་ཚེ་རིང་ལགས་ནས་གཞི་རིམ་འོག་མའི་དགེ་རྒན་ཚོར་མིང་ཚིག་ཁག་ངོ་སྤྲོད་བྱེད་སྟངས་དང་། སྒྲུང་བརྒྱུད་ནས་བརྡ་སྤྲོད་ངོ་སྤྲོད་བྱེད་སྟངས། ཀློག་རྩལ་དང་འབྲི་རྩལ་ཟུང་འབྲེལ་གྱི་སློབ་ཁྲིད་བྱེད་པའི་ཐབས་ལམ་ཁག་ངོ་སྤྲོད་གནང་བ་དང་། དོགས་འདྲི་ཁག་ལན་འདེབས་བཅས་ཞུས།

ཐེངས་འདིའི་ཟབ་སྦྱོང་དུ་དགེ་རྒན་ ༣༢ ཙམ་ནས་མཉམ་ཞུགས་གནང་ཡོད་པ་དང་། ཟབ་སྦྱོང་གི་འགྲོ་གྲོན་ཌེ་ཎི་ཌ་རོགས་ཚོགས་ ༼DANIDA༽ ནས་མཐུན་འགྱུར་གནང་ཡོད་པ་བཅས། །

སྔོན་མ།
གཞི་རིམ་སློབ་གྲྭ་ཁག་གི་སློབ་ཕྲུག་གི་རིགས་ལམ་འདུ་འཛོམས་དང་སྦྱོང་བརྡར།
ཕྱི་མ།
མེས་དབོན་གཙུག་ལག་གློབ་གྲྭའི་སློབ་དགེ་རྣམས་ལ་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་གོ་རྟོགས་ལག་བསྟར་ཟབ་སྦྱོང་གནང་བ།
Menu