ཟླ་རེའི་གསར་འགྱུར།

གཞི་རིམ་སློབ་གྲྭ་ཁག་གི་སློབ་ཕྲུག་གི་རིགས་ལམ་འདུ་འཛོམས་དང་སྦྱོང་བརྡར།

གསར་འཕྲིན།

༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གཉིས་ཟུང་འབྲེལ་ཐོག་ཕྱི་ལོ་ ༢༠༢༤ ཟླ་ ༢ ཚེས་ ༡༧ ནས་ ༢༩ བར་ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་གཞི་རིམ་སློབ་གྲྭ་ཁག་གི་སློབ་ཕྲུག་རྣམས་ཀྱི་རིགས་ལམ་འདུ་འཛོམས་དང་སྦྱོང་བརྡར་ལས་གཞི་འགོ་འཛུགས་གནང་ཡོད།

མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་འབུམ་རམས་པ་དབང་ཕྱུག་རྡོ་རྗེ་ནེ་གི་ལགས་ཀྱིས་དབུས་པའི་རིགས་དྲུང་སུནཱིཏཱ་ཅནྡྲ་ལགས། རིགས་དྲུང་གཞོན་པ་ཧིམནྴུ་པཎྜེཡ་ལགས་ནས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་སྐུ་མདུན་དུ་སྣང་གསལ་མར་མེ་ཞལ་འབྱེད་དང་མཇལ་དར་སྒྲོན་འབུལ་རྗེས། ཝཱཎ་མཐོ་སློབ་ཀྱི་སློབ་ཕྲུག་ཁག་ཅིག་ནས་བོད་སྐད་ཐོག་ཤིས་བརྗོད་གསུང་འདོན་གནང་།

དེ་ནས་ཤེས་རིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ཀྱིས་ཐེངས་འདིའི་སློབ་ཕྲུག་རྣམས་ཀྱི་རིགས་ལམ་འདུ་འཛོམས་དང་སྦྱོང་བརྡར་ལས་གཞིའི་ལས་དོན་ངོ་སྤྲོད་དུ། ༸རྒྱལ་བ་རིན་པོ་ཆེའི་རླབས་ཆེན་གྱི་དགོངས་བཞེས་ལ་བརྟེན་ནས་རང་རེ་གཞི་རིམ་སློབ་ཕྲུག་རྣམས་ལ་ཤེས་ཡོན་སྤྱི་དང་། ལྷག་པར་བོད་ཀྱི་སྐད་ཡིག་རིག་གཞུང་དང་། རིགས་ལམ་ནང་ཆོས་སོགས་མཐུན་རྐྱེན་ཕུན་སུམ་ཚོགས་པའི་ཤེས་བྱ་སྣ་མང་སྦྱང་བརྩོན་བྱ་རྒྱུ་ཡོད་པ་ནི་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་དང་། དེ་བཞིན་རྒྱུ་མཚན་གཞིར་བཞག་གིས་རིག་པའི་གནས་ལ་བརྡར་ཤ་བྱེད་པའི་རིགས་ལམ་ཞེས་པའི་ཐབས་ལམ་འདི་ཉིད་ཀྱིས་སློབ་ཚན་གང་ལའང་བསམ་གཞིག་གི་ནུས་པ་སྐྱེད་འཕེལ་བྱེད་པར་བརྟེན། མགོན་པོ་གང་ཉིད་ནས་གཞི་རིམ་སློབ་གྲྭ་ཁག་ནང་རིགས་ལམ་སློབ་ཁྲིད་བྱ་རྒྱུ་གལ་ཆེ་བའི་བཀའ་སློབ་སྔ་རྗེས་ལན་མང་ཕེབས་པ་བཞིན། ཤེས་རིག་ལས་ཁུངས་ནས་ཀྱང་དེ་བཞིན་ལས་རིམ་སྣ་མང་གོ་སྒྲིག་ཞུ་མུས་ཡིན། འདུ་འཛོམས་འདི་ནང་སཾ་བྷོ་ཊའི་ཁྱབ་ཁོངས་དཔེ་སྟོན་སློབ་གྲྭ་དང་དྷ་ས་བོད་ཁྱིམ་ཁྱབ་ཁོངས་སེ་ལ་ཀུའི་བོད་ཁྱིམ་གཉིས་ནས་སློབ་ཕྲུག་ཁྱོན་བསྡོམས་ ༤༣ དང་། ལྟ་གྲུབ་དགེ་རྒན་ ༢ ནས་མཉམ་ཞུགས་གནང་ཡོད་པའི་སྐོར་དང་། གཞན་ཡང་ཉིན་གྲངས་བཅུ་གསུམ་གྱི་ཉིན་རེའི་ལས་རིམ་དང་། ཝཱཎ་མཐོ་རིམ་སློབ་གྲྭ་ནས་མཉམ་ཞུགས་པ་རྣམས་ཀྱི་བཞུགས་གནས་དང་ཞལ་ལག་མཐུན་འགྱུར་གནང་ཡོད་པ་བཅས་ཀྱི་ངོ་སྤྲོད་གནང་།

ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་རིགས་དྲུང་གཞོན་པ་དང་དགེ་འོས་སྡེ་ཚན་གྱི་ངེས་སྟོན་པ་གཅིག་ལྕོགས་ཧིམནྴུ་པཎྜེཡ་ལགས་ཀྱིས་ཕེབས་བསུའི་གསུང་བཤད་དང་སྦྲགས། ཝཱཎ་མཐོ་རིམ་སློབ་གྲྭ་ནས་རིགས་ལམ་གལ་གནད་ཆེན་པོར་བརྩིས་ཏེ་དགེ་འོས་སྡེ་ཚན་གྱི་བསླབ་གཞིར་བཅུག་སྟེ་རྒྱ་གར་རྒྱལ་ཡོངས་བསླབ་གཞི་ཚོགས་ཆུང་ལ་འབུལ་ལམ་ཞུས་པ་ལྟར། ཚོགས་ཆུང་ནས་ང་ཚོའི་ནཱ་ལེནྡྲ་རིག་གཞུང་གི་བསླབ་གཞི་ལ་བསྔགས་བརྗོད་དང་སྦྲགས་རྒྱ་གར་ནང་གི་མཐོ་རིམ་སློབ་གྲྭ་གཞན་ཁག་ཅིག་ལའང་ང་ཚོ་ལྟ་བུའི་ནཱ་ལནྡྲའི་རིག་གཞུང་ངམ་རིགས་ལམ་དང་འབྲེལ་བའི་སློབ་ཚན་རྣམས་བསླབ་གཞི་ནང་འཇོག་གལ་ཆེ་བའི་ལམ་སྟོན་ཡང་གནང་ཡོད་སྟབས་ང་ཚོའི་དགེ་འོས་སྡེ་ཚན་ལ་སེམས་འགུལ་ཧ་ཅང་ཆེན་པོ་བྱུང་། འདི་གའི་ལྟ་གྲུབ་སློབ་དཔོན་ནས་སློབ་ཚན་གཞན་རིགས་ལམ་བརྒྱུད་ཁྲིད་ཐབས་ཀྱི་དཔེ་དེབ་ཁག་གསུམ་པར་འགྲེམས་ཟིན་པ་དང་། དཔེ་དེབ་གཉིས་རྩོམ་འབྲི་འགྲོ་མུས་སོང་རྒན་ལགས་སུ་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན། དེ་བཞིན་ཝཱཎ་མཐོ་རིམ་སློབ་གྲྭ་ནས་ཤེས་ཡོན་གྱི་སྤུས་ཚད་གལ་ཆེན་པོ་བརྩི་བཞིན་ཡོད་ཅེས་ཤེས་རིག་ལས་ཁུངས་སྙན་སེང་ཞུ་རྒྱུ་དང། རིགས་ལམ་འདི་བཞིན་སློབ་ཚན་བྱེ་བྲག་པ་ཞིག་མིན་པར་འདི་བརྒྱུད་སློབ་ཚན་གཞན་ཁག་གི་ནང་དོན་མཐིལ་ཕྱིན་རྟོགས་པར་ཐབས་ལམ་གལ་ཆེ་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་སྟབས། ཤེས་རིག་ལས་ཁུངས་ནས་མཐོ་རིམ་སློབ་གྲྭ་འདི་དང་མཉམ་འབྲེལ་ཐོག་ས་གནས་འདིར་རིགས་ལམ་འདུ་འཛོམས་འདི་ལྟ་བུ་གོ་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

དེ་ནས་ཝཱཎ་མཐོ་རིམ་སློབ་གྲྭའི་རིགས་དྲུང་སུནིཏཱ་ཅནྡྲ་ལགས་ནས་མཉམ་ཞུགས་པ་རྣམ་པས་རྟགས་གསལ་ཁག་གཉིས་སྤྱན་འབུལ་ཞུ་སྟངས་ལ་ཡིད་སྨོན་བྱུང་བ་མ་ཟད། རྟགས་གསལ་གཏོང་སྟངས་འདི་ནང་སྲོལ་རྒྱུན་གྱི་རྣམ་པ་ཡོད་སྟབས་ངོ་མཚར་ཆེན་པོ་བྱུང་ཞིང་། མཐོ་རིམ་སློབ་གྲྭ་འདིས་རྒྱ་གར་གྱི་ན་ལནྡྲཱའི་རིག་གཞུང་ཕྱུག་པོ་དག་བསྐྱར་གསོ་དང་རྒྱུན་འཛིན་བྱེད་པར་དགའ་སྤོབས་ཡོད་ལ། ལྷག་པར་དུ་མཐོ་རིམ་སློབ་གྲྭ་དང་གཞི་རིམ་སློབ་གྲྭ་ཁག་ནང་རིགས་ལམ་སློབ་སྤེལ་བྱ་རྒྱུ་ནི་༸རྒྱལ་བ་རིན་པོ་ཆེའི་བླ་ན་མེད་པའི་དགོངས་གཞི་ཡིན་པ་ལྟར། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཀྱང་དགོངས་གཞི་དེ་དག་ལག་ལེན་འགེལ་གྱི་ཡོད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོའི་ཤིབ་པུརཱན་གྱི་ནང་དོན་ཆ་ཚང་ཡང་ཤིབ་དང་པརྦཏཱི་གཉིས་ཕན་ཚུན་བགྲོ་གླེང་བྱེད་པ་ཤ་སྟག་ཡིན་ཞིང་། ང་ཚོའི་གནའ་བོའི་རིག་གཞུང་རྣམས་སུའང་ཡོད་ཚད་ཡིད་ཆེས་མ་བྱེད་པར་དེར་བརྡར་ཤ་བྱས་ཏེ་གནད་དོན་གཏན་ལ་འབེབས་ཀྱི་ཡོད་པ་རེད། ངས་སློབ་ཕྲུག་ཚོས་རྟགས་གསལ་གཏོང་བའི་ལས་རིམ་འདི་ལྟ་སྐབས་མྱོང་ཚོར་ཞིག་བྱུང་བ་དེའི་སྐོར་ཞུ་རྒྱུར་སློབ་ཕྲུག་ཚོས་རྟགས་གསལ་གཏོང་འགོ་བཙུགས་པ་དང་ཁོང་ཚོའི་སེམས་ནང་མཚེར་སྣང་དང་འཇིགས་ཞུམ་སོགས་མེད་པར་གྱུར་ཏེ་གདེང་སྤོབས་སླེབས་པ་དང་། ལྷག་པར་དུ་གལ་ཏེ་དམ་བཅའ་བས་ལན་འདེབས་མ་ཐུབ་ཀྱང་། ཕམ་ཁ་ངོས་ལེན་བྱེད་པའི་སྙིང་སྟོབས་ཡོད་པའི་ཚོར་བ་ཞིག་བྱུང་། དེ་ནི་ལེགས་པའི་ཆ་ཞིག་རེད། མིའི་མི་ཚེའི་ནང་རྒྱལ་ཁ་དང་ཕམ་ཁ། གྲུབ་འབྲས་སོན་པ་དང་མ་སོན་པ་སྣ་ཚོགས་གདོང་ལེན་དགོས་ཀྱི་ཡོད་སྟབས་དེ་ཐོག་ཕན་ཐོགས་ཆེན་པོ་ཡོང་ངེས་འདུག་པ་བཅས་ཀྱི་གསུང་བཤད་གནང་།

དེ་རྗེས་ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་འབུམ་རམས་པ་དབང་ཕྱུག་རྡོ་རྗེ་ནེ་གི་ལགས་ནས་མཉམ་ཞུགས་པ་ཡོངས་ལ་བཀའ་སློབ་གནང་དོན་དུ། སྤྱིར་རིགས་ལམ་ནི་སློབ་སྦྱོང་གི་གཞི་རྐང་ལྟ་བུ་རེད་དེ། འོན་ཀྱང་དང་པོར་རིགས་ལམ་གྱིས་གཏན་ལ་འབེབས་པའི་དོན་དེ་གང་ཡིན་ཤེས་པར་བྱ་རྒྱུ་གལ་ཆེན་པོ་ཡིན། གཏན་ལ་དབབ་བྱའི་དོན་དེ་སྒྲུབ་ནས་གྲུབ་འབྲས་ཅི་ཞིག་འཁྱེར་རྒྱུ་ཡིན་པ་དེའི་ཐོག་ལའང་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་ཡིན་པ་རྒྱུན་དུ་དྲན་བཞིན་ཡོད། ཤེས་ཡོན་ཡར་རྒྱས་ཆེད་དུ་ང་ཚོས་རིགས་ལམ་བེད་སྤྱོད་གཏོང་གི་ཡོད། དེས་ན་དང་པོར་སློབ་ཕྲུག་ཚོས་ཤེས་ཡོན་གྱི་ཁེ་ཕན་དང་དགོས་མཁོ་ཇི་ཡིན་ལེགས་པར་ཤེས་ན་ཤེས་ཡོན་ལ་སྦྱང་བརྩོན་བྱེད་པའི་སྤྲོ་བ་དང་འདུན་པ་རང་བཞིན་གྱིས་འཕེལ་གྱི་རེད། ཁྱིམ་ཚང་དང་སྤྱི་ཚོགས་རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང་ཤེས་ཡོན་ཡོད་པ་དང་མེད་པའི་ཁྱད་པར་ལ་བསམ་གཞིག་བྱེད་ཐུབ་པ་དགོས། དཔེར་ན་ཤེས་ཡོན་ཡོད་པའི་ཁྱིམ་ཚང་ཞིག་ཡིན་ན་དེ་ལ་སྤྱི་ཚོགས་ཀྱི་མཐོང་དང་བརྩི་བཀུར། དེས་མི་ཚེ་སྐྱེལ་སྟངས་སོགས་ཤེས་ཡོན་མེད་པའི་ཁྱིམ་ཚང་ཞིག་དང་ཞིབ་བསྡུར་བྱེད་ཚེ་ཤེས་ཡོན་སློབ་སྦྱོང་བྱེད་པའི་སྤྲོ་བ་འཕེལ་གྱི་རེད། ང་ཚོའི་ལག་པར་ཡོད་པའི་ཁ་པར་འདི་ནང་འཛམ་གླིང་ཡོངས་རྫོགས་མཐོང་ཐོས་ཐུབ་པ་དེ་ཡང་སློབ་སྦྱོང་ཡོད་པའི་མིས་བཟོས་པ་རེད། མི་དེ་ཚོ་ཡང་ཐོག་མར་ང་ཚོ་དང་གཅིག་པ་རེད། འོན་ཀྱང་སོ་སོས་སྦྱང་བརྩོན་བྱེད་ན་ནུས་པ་ཐོན་པ་ཞིག་ཡོང་རྒྱུ་ཡོད་པ་སོ་སོར་ངེས་ཤེས་དགོས། སྤྱིའི་དངོས་པོ་ཡར་རྒྱས་དང་ནང་སེམས་ཀྱི་ཡར་རྒྱས་ཡོངས་རྫོགས་ཤེས་ཡོན་སློབ་སྦྱོང་ལ་བརྟེན་ནས་བྱུང་བ་ཡིན་པ་སློབ་ཕྲུག་ཆུང་ཆུང་ཚོས་ངེས་པར་དུ་ཐུགས་ལ་འཇོག་རོགས་ཞུ་རྒྱུ་ཡིན། འོན་ཀྱང་ཤེས་བྱ་ལའང་ཇོ་བོ་རྗེ་དཔལ་ལྡན་ཨཏིཤཱས་གསུངས་པ་ལྟར། ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་། །ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས། །ངང་པས་ཆུ་ལས་འོ་མ་ལེན་པ་བཞིན། །རང་གི་འདོད་པ་དང་པོ་བླང་བར་བྱ། །ཞེས་པ་ལྟར་ཚེ་འདི་ཕྱི་དང་། སོ་སོའི་ཆོས་དང་རིག་གཞུང་། རྒྱལ་ཁབ་ལ་ཕན་པའི་ཆོས་དེ་གང་ཡིན་བསམ་བློ་གཏོང་དགོས། དེ་ལྟར་བསམ་བློ་གཏོང་སྐབས་ང་ཚོས་དད་པ་བྱེད་སའི་ཡུལ་དེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། གཡུང་དྲུང་བོན་བཅས་པའི་ཆོས་བརྒྱུད་དེ་ཚོ་ཡིན་པ་བཞིན། དེ་དག་གིས་གསུངས་པའི་ཆོས་དང་རིག་གཞུང་རྣམས་སློབ་སྦྱོང་བྱ་རྒྱུའི་འདུན་པ་དང་འབད་བརྩོན་བྱེད་རོགས་ཞུ་རྒྱུ་ཡིན།

སྤྱིར་ང་ཚོས་ཚན་རིག་དང་འཕྲུལ་རིག་སོགས་ཅི་ཞིག་སྦྱངས་ཀྱང་འགྲིགས། འོན་ཀྱང་འཛམ་བུ་གླིང་ནང་ཚན་རིག་པ་དང་འཕྲུལ་རིག་པ་གྲངས་ལས་འདས་པ་ཡོད་སྟབས། ང་ཚོ་སོ་སོའི་རྒྱལ་ཁབ་དང་རིག་གཞུང་། འཛམ་བུ་གླིང་ཀུན་ལ་གང་གིས་ཕན་ཐོགས་ཆེ་བ་ཡོང་ས་རེད་བསམ་བློ་གཏོང་ན་ནང་ཆོས་ལས་ལྷག་པ་ཅི་ཡང་མེད། ནང་ཆོས་སྦྱངས་ན་ཚེ་འདི་ཕྱི་གཉིས་ལ་ཕན་གྱི་རེད། སྤྱིར་ང་ཚོ་ན་ལནྡྲཱའི་རྒྱུད་པ་འཛིན་མཁན་ཡིན་ཟེར་གྱི་ཡོད། ད་གིན་དངོས་གྲུབ་བསྟན་པ་ལགས་ཀྱིས་ཁྱེད་རང་ཚོའི་ནང་ནས་མ་འོངས་པར་མཐོ་སློབ་འདི་ནང་སློབ་སྦྱོང་བྱེད་པར་ཡོང་བའི་རེ་བ་ཡོད་གསུངས་པ་ལྟར་ངས་ཀྱང་རེ་བ་བྱེད་ཀྱི་ཡོད། བསྡུས་གྲྭ་རྣམས་ཡག་པོ་སྦྱངས་ཏེ་མ་འོངས་པར་མཐོ་སློབ་འདིར་ནང་ཆོས་སྦྱང་དུ་ཕེབས་རོགས། ནང་ཆོས་དང་ཨིན་ཇི་ཡང་ན་ཧིནྡཱི་གང་རུང་ཞིག་ཡག་པོ་ཡོད་ན། ཚན་རིག་པ་དང་འཕྲུལ་རིག་པ་སོགས་ལས་ལྷག་པའི་ཆེ་མཐོང་དང་མིའི་རིགས་སྤྱི་ལ་ཕན་ཐོགས་ཡོད་པ་ཞིག་ཡོང་གི་རེད། དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་དང་། དགེ་བཤེས་ལྷག་རྡོར་ལགས། དགེ་བཤེས་རྡོ་རྗེ་དགྲ་འདུལ་ལགས་སོགས་ལ་གཟིགས་དང་ནང་ཆོས་སྦྱངས་ཏེ་མི་ག་ཚོད་ལ་ཕན་ཐོགས་བྱེད་ཐུབ་ཀྱི་འདུག

ད་ལྟ་ཁྱེད་རང་ཚོ་ལོ་ཆུང་ཆུང་ཡིན་པས་ཧིནྡཱི་དང་ཨིན་ཇི་གང་རུང་སྦྱངས་པའི་ཐོག་ནང་ཆོས་དེ་སྤུས་དག་པོ་ཞིག་སྦྱོངས་དང་། ༸རྒྱལ་བ་རིན་པོ་ཆེའི་ཐུགས་ཀྱི་དགོངས་པ་ཡང་དེས་འགྲུབ་ཅིང་། སོ་སོའི་ཆོས་དང་རིག་གཞུང་གི་སྲུང་སྐྱོབ་ཀྱང་དེ་ལས་ཡོང་གི་ཡོད། ཚེ་འདི་ཕྱི་གཉིས་ཀྱི་དོན་ཡང་ཆོས་དེ་ལས་འགྲུབ་ཀྱི་ཡོད་སྟབས། ཁྱེད་ཚོས་ནང་ཆོས་སྦྱང་རྒྱུར་སྤྲོ་བ་དང་འདུན་པ་ཡག་པོ་བསྐྱེད་རོགས་ཞེས་ངའི་རེ་སྐུལ་ཡིན། གནད་དོན་གསུམ་པར་རིགས་ལམ་དེ་ཡང་ཧ་ཅང་གལ་ཆེན་པོ་རེད་འདུག རིགས་ལམ་གྱིས་རྨོངས་དད་མེད་པར་བཟོ་ཡི་འདུག དཔེར་ན་འཛམ་གླིང་གི་ཆོས་ལུགས་ཚང་མས་སྲོག་གཅོད་སྤོང་དགོས་པ་གསུང་གི་ཡོད། དེའི་རྒྱུ་མཚན་ནི་ཆོས་ལུགས་སོ་སོའི་ཆོས་དང་གཞུང་ནང་གསུངས་ཡོད་པ་ལུང་འདྲེན་བྱེད་པ་ནི་རྨོངས་དད་རང་རེད། ཡིན་ནའང་ནང་པ་སངས་རྒྱས་པ་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྲོག་གཅོད་སྤོང་དགོས་པར་གསུངས་ཏེ་སྲོག་གཅོད་སྤངས་པ་མ་ཡིན་ཏེ། ནང་པ་སངས་རྒྱས་པའི་ནང་སྲོག་གཅོད་པ་དེ་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་ཞིང་། གཞན་དག་ཚོས་སྲོག་གཅོད་སྤངས་པ་ནི་བཅས་པའི་ཁ་ན་མ་ཐོ་བ་རེད། ནང་པ་ཚོས་སོ་སོར་དཔེ་བཞག་ནས་རང་ཉིད་ལ་འཚེ་བ་བྱེད་པའི་ཚེ་མི་བདེ་བ་དང་སྡུག་བསྔལ་ཡོང་བ་ཇི་བཞིན་སེམས་ཅན་གཞན་ལའང་དེ་བཞིན་དུ་ཡོང་གི་ཡོད་པ་བསམས་ཏེ། སྡིག་པ་མི་བྱེད་པ་ནི་རྨོངས་དད་མིན་པར་རིགས་པས་དཔྱད་པ་བྱས་ནས་གསུངས་པ་ཞིག་ཡིན་སྟབས། དེ་ཚོ་ཚང་མ་ནང་པ་སངས་རྒྱས་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ལ་བསམ་གྱི་ཡོད། ཁྱེད་ཚོ་ད་ལྟ་སངས་རྒྱས་ཀྱིས་ཆོས་འཁོར་སྐོར་ས་དང་། ༸རྒྱལ་བ་རིན་པོ་ཆེས་ཕྱག་བཏབ་པའི་བོད་ཀྱི་མཐོ་རིམ་སློབ་གྲྭ་ཞིག་ནང་ཟབ་སྦྱོང་འཚོགས་རྒྱུ་བྱུང་བ་ནི་བསོད་ནམས་ཆེན་པོ་ཡིན་བསམས་ཏེ་འདིར་བཞུགས་པའི་རིང་སློབ་སྦྱོང་ལ་སྦྱང་བརྩོན་ཡག་པོ་གནང་ཐུབ་ན་ཁེ་བཟང་ཡིན་པ་བཅས་ཀྱི་སྐོར་བཀའ་སློབ་ལམ་སྟོན་གནང་།

དེ་ནས་ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་དགེ་འོས་སྡེ་ཚན་གྱི་ལྟ་གྲུབ་སློབ་དཔོན་དང་སེ་ལ་ཀུའི་བོད་ཁྱིམ་གྱི་ལྟ་གྲུབ་དགེ་རྒན་ནས་རིགས་ལམ་གྱི་གལ་གནད་དང་༸རྒྱལ་བ་རིན་པོ་ཆེའི་ཐུགས་རེ་ཇི་ཡིན་བཅས་ཀྱི་སྐོར་གཏམ་བཤད་གནང་རྗེས་འདི་གའི་དགེ་འོས་སྡེ་ཚན་གྱི་དགེ་རྒན་འབུམ་རམས་པ་བྱམས་པ་ཐུབ་བསྟན་ལགས་ནས་གསུང་བཤད་གནང་མཁན་རྣམས་དང་། ཚོགས་བཅར་བ་ཡོངས་ལ་ཐུགས་རྗེ་ཆེ་ཞུས་ཏེ་དབུ་འབྱེད་ཀྱི་མཛད་སྒོ་མཇུག་སྒྲིལ། །

 

སྔོན་མ།
བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་བོད་ཀྱི་ལོ་གསར་ལ་བྱིས་པའི་གླུ་གཞས་འགུལ་བརྙན་དང་སྒྲ་དེབ་གསར་པ་དབུ་འབྱེད་གནང་བ།
ཕྱི་མ།
བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་ཁག་གི་དགེ་རྒན་རྣམས་ལ་དྲྭ་ཐོག་ཟབ་སྦྱོང་གོ་སྒྲིག་ཞུས་པ།
Menu