ཟླ་རེའི་གསར་འགྱུར།

བོད་དགེའི་འོས་སྦྱོང་འགོ་འཛུགས་གནང་བ།

གསར་འཕྲིན།

ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༢༧ ནས་ཟླ་གྲངས་བཅོ་བརྒྱད་ཀྱི་བོད་དགེའི་འོས་སྦྱོང་འགོ་འཛུགས་གནང་། འོས་སྦྱོང་གི་དབུ་འབྱེད་མཛད་སྒོར་ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་དང་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་པ་སངས་ཚེ་རིང་གཙོས་པའི་དགེ་འོས་སློབ་ཁྲིད་གནང་མཁན་དགེ་རྒན་དང་། ཤེས་རིག་བོད་ཡིག་ཤེས་ཡོན་འགན་འཛིན་བཅས་ཚོགས་ཕེབས་གནང་། ཐེངས་འདིའི་འོས་སྦྱོང་ནང་ས་རཱ་མཐོ་སློབ་དང་ཏཱ་ལའི་བླ་མའི་མཐོ་སློབ་ནས་སློབ་མཐར་སོན་པའི་དགེ་འོས་སློབ་མ་གྲངས་ ༡༣ ནས་མཉམ་ཞུགས་གནང་ཡོད། མཛད་སྒོའི་ཐོག་མར་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་ནས་ཕེབས་བསུའི་གསུང་བཤད་དང་སྦྲགས་འོས་སྦྱོང་གི་ལས་རིམ་ངོ་སྤྲོད་དུ། ས་རཱ་མཐོ་སློབ་ནས་ད་བར་ཤེས་རིག་ལས་ཁུངས་ཀྱི་མཐུན་འགྱུར་འོག་དགེ་རྒན་འོས་སྦྱོང་ལན་མང་གོ་སྒྲིག་ཞུས་པ་ལྟར་གཞི་རིམ་སློབ་གྲྭ་ཁག་དང་དགོན་སྡེ་ཁག དེ་བཞིན་སྒེར་སློབ་བཅས་སུ་སྲི་ཞུ་སྒྲུབ་མུས་ཡིན་ཞིང་། བོད་ཕྲུག་ན་གཞོན་ཚོ་བོད་ཀྱི་རིག་གཞུང་དང་སྐད་ཡིག་ལ་དགའ་ཞེན་ཅན་ཞིག་ཏུ་འགྱུར་མིན་གཙོ་བོ་བོད་དགེ་རྣམ་པར་རག་ལུས་ཡོད་སྟབས། ད་ལན་དགེ་རྒན་འོས་སྦྱོང་གི་བསླབ་གཞིའི་ཁོངས་སུ་སློབ་ཁྲིད་ཐབས་ལམ་དང་། བྱིས་པའི་སེམས་ཁམས་རིག་པ། ཤེས་ཡོན་སློབ་གསོ་རིག་པ། བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་དང་རྒྱ་གར་གྱི་ཤེས་ཡོན་སྲིད་བྱུས་ཀྱི་དོན་སྙིང་ཁག དེ་བཞིན་བརྡ་འཕྲིན་བེད་སྤྱོད་བྱེད་ཚུལ་སོགས་སློབ་ཚན་བཞག་ཡོད་པ་མ་ཟད། ཐེངས་འདིར་བསླབ་གཞི་ཐོག་རིགས་ལམ་ཁ་སྣོན་གྱིས་སློབ་ཚན་དངོས་གཞིའི་ངོ་བོར་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་ཡོད་པ་དང་། དེང་སང་སྤྱི་ཚོགས་ཀུན་ཏུ་སློབ་ཕྲུག་ཚོས་དགེ་རྒན་ལ་གུས་ཞབས་དང་བརྩི་བཀུར་བྱེད་སྟངས་ཇེ་ཞན་དུ་འགྲོ་ཞིང་། བརྩི་བཀུར་བྱེད་པ་དེ་ཡང་སེམས་སུ་འཇིགས་སྣང་དང་རེ་བ་ཞིག་གི་འོག་ནས་བྱེད་པ་ནི་གཙོ་བོ་དགེ་སློབ་དབར་གྱི་ཡིད་ཆེས་ཀྱི་འདུ་ཤེས་གཙང་མ་མེད་པ་ལས་ཡོང་གི་ཡོད་སྟབས། ཐོག་མ་ཉིད་ནས་དགེ་སློབ་དབར་གྱི་ཡིད་ཆེས་གཙང་མ་དགོས་རྒྱུ་གལ་ཆེན་པོ་ཡིན་པ་སོགས་ཀྱི་སྐོར་གསུངས།

དེ་ནས་སྐུ་མགྲོན་གཙོ་བོ་ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ནས་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་སུ་དགེ་རྒན་དབུས་བཞག་གི་སྲིད་བྱུས་བཟུང་བའི་རྒྱུ་མཚན་ནི། སློབ་ཕྲུག་ཚོའི་ཀུན་སྤྱོད་དང་ཤེས་ཚད་ཇི་ལྟར་འབྱུང་མིན་དགེ་རྒན་གྱི་ཀུན་སྤྱོད་དང་ཤེས་ཚད། དེ་བཞིན་སློབ་ཁྲིད་ཐབས་ལམ་བཅས་ལ་རག་ལུས་ཡོད་སྟབས་དགེ་རྒན་དབུས་བཞག་གི་སྲིད་བྱུས་ཞེས་གསུངས། དེ་བཞིན་དགེ་རྒན་ཡག་པོ་ཞིག་ཡོང་བར་ཁྱད་ཆོས་བཞི་ངེས་པར་དུ་ཚང་དགོས་པ་ནི། དང་པོ་ཡ་རབས་བཟང་སྤྱོད་དེ་གལ་ཆེན་པོ་ཞིག་ཡིན་ཡང་། དེའི་ཐོག་འཇོན་རྩལ་དེ་མེད་ན་མིའི་སྤྱི་ཚོགས་ཀྱི་བདེ་དོན་སྒྲུབ་རྒྱུར་འགོག་རྐྱེན་ཆེན་པོ་ཞིག་ཡོང་གི་ཡོད་པས་ཡ་རབས་བཟང་སྤྱོད་དང་ཆབས་ཅིག་འཇོན་རྩལ་ལྡན་པ་ཞིག་དགོས་རྒྱུ་གལ་ཆེ་བ་དང་། གཉིས་པར་མཉམ་རུབ་ཀྱི་ནུས་པ་གོང་འཕེལ་གཏོང་རྒྱུ གསུམ་པ་འཕྲུལ་ཆས་བེད་སྤྱད་དེ་འབྲེལ་ལམ་གྱི་སྒྱུ་རྩལ་གཏོང་མཐོར་གཏོང་རྒྱུ བཞི་པར་དཔྱད་ཞིབ་ཀྱི་བསམ་བློ་ཡར་རྒྱས་བརྒྱུད་གསར་གཏོད་ཀྱི་སྒྱུ་རྩལ་གོང་མཐོར་གཏོང་བ་བཅས་ནི་གལ་འགངས་ཆེ་བའི་སྒྱུ་རྩལ་བཞིར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། དེ་ནས་འོས་སྦྱོང་གི་ཞོར་དུ་སོ་སོའི་བོད་ཡིག་གི་གནས་ཚད་དང་ཡིག་གཟུགས་སོགས་ངེས་པར་དུ་ཡར་རྒྱས་གཏོང་དགོས་པ་བཅས་ཀྱི་སྐོར་གསུངས།

མཐའ་དོན་ཤེས་རིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ནས་དགེ་རྒན་སེམས་ཤུགས་ཅན་དང་དཀའ་སྤྱད་ཐུབ་མཁན་ཞིག་ཡོང་རྒྱུའི་ས་བོན་ད་ལྟ་ནས་འདེབས་དགོས་སྟབས་འོས་སྦྱོང་གི་དུས་ཚོད་ཆུད་ཟོས་སུ་གཏོང་མི་ཉན་ཞིང་། ལྷག་པར་དུ་གཞི་རིམ་སློབ་གྲྭ་ཁག་ནང་༸རྒྱལ་བའི་དགོངས་གཞི་བཞིན་སློབ་ཚན་གཞན་རིགས་ལམ་བརྒྱུད་འཁྲིད་ཐབས་ཀྱི་དམིགས་ཡུལ་སྒྲུབ་རྒྱུར་འགོར་གཞི་གཙོ་བོ་ནི། སློབ་ཚན་གཞན་གྱི་དགེ་རྒན་རྣམས་ལ་རིགས་ལམ་གྱི་སྦྱངས་པ་མེད་པ་ལས་བྱུང་སྟབས། ཐེངས་འདིའི་འོས་སྦྱོང་བ་རྣམས་ལ་རིགས་ལམ་འདི་བཞིན་དགེ་འོས་ཀྱི་སློབ་ཚན་དངོས་གཞིའི་ཁོངས་སུ་སྦྱང་རྒྱུའི་གོ་སྐབས་ཡོད་སྟབས་འོས་སྦྱོང་ཐོན་མཚམས་རིགས་ལམ་བརྒྱུད་འཁྲིད་ཐབས་ཤེས་མཁན་གྱི་དགེ་རྒན་ཞིག་འཐོན་རྒྱུར་རེ་བ་འཆང་བཞིན་ཡོད་པས། དགེ་སློབ་ཚང་མས་དེ་ཐོག་ལྷོད་གཡེང་མི་གནང་བའི་འབོད་སྐུལ་དང་བཅས་དབུ་འབྱེད་ཀྱི་ལས་རིམ་ལེགས་པར་མཇུག་བསྒྲིལ།།

སྔོན་མ།
༢༠༢༤ ལོའི་ UWC སློབ་ཡོན་གསལ་བསྒྲགས།
ཕྱི་མ།
ཤེས་རིག་བཀའ་བློན་མཆོག་གིས་ཕྱི་ལོ་ ༢༠༢༣ ལོའི་སློབ་གྲྭ་ནང་ཁུལ་གྱི་རྩོམ་རིག་དང་རིག་གཞུང་འདུ་འཛོམས་ཀྱི་ཉིན་དང་པོའི་དབུ་འབྱེད་གནང་བ།
Menu