ཟླ་རེའི་གསར་འགྱུར།

ཤེས་རིག་བཀའ་བློན་མཆོག་གིས་ཕྱི་ལོ་ ༢༠༢༣ ལོའི་སློབ་གྲྭ་ནང་ཁུལ་གྱི་རྩོམ་རིག་དང་རིག་གཞུང་འདུ་འཛོམས་ཀྱི་ཉིན་དང་པོའི་དབུ་འབྱེད་གནང་བ།

གསར་འཕྲིན།, བཀའ་བློན་མཛད་འཆར།

༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༠ ཚེས་ ༦ ཉིན་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་ཐར་ལམ་སྒྲོལ་མ་མཆོག་གིས་གོ་པལ་པུར་བོད་ཁྱིམ་སློབ་གྲྭར་ཕྱི་ལོ་ ༢༠༢༣ ལོའི་སློབ་གྲྭ་ནང་ཁུལ་གྱི་རྩོམ་རིག་དང་རིག་གཞུང་འདུ་འཛོམས་ཀྱི་ཉིན་དང་པོའི་དབུ་འབྱེད་གནང་སོང་།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་ཐར་ལམ་སྒྲོལ་མ་མཆོག་དང་། དྷ་ས་ཉེ་ཁུལ་གྱི་སློབ་གྲྭ་ཁག་གི་འགན་འཛིན་རྣམ་པ། མེས་དབོན་གཅུག་ལག་དཔེ་སྟོན་སློབ་གྲྭ་དང་། དྷ་སྟེང་བོད་ཁྱིམ། གོ་པལ་པུར་བོད་ཁྱིམ། སཾ་བྷོ་ཊ་སིམ་ལ། སུ་ཇ་བོད་ཁྱིམ། སཾ་བྷོ་ཌ་ཌོ་ལན་ཇི། ལ་དྭགས་བོད་ཁྱིམ། ཅོན་ཏ་ར་བོད་ཁྱིམ་བཅས་ནས་དགེ་རྒན་གྲངས་ ༢ རེ་དང་སློབ་མ་གྲངས་ ༢༠༠ བཅས་ལྷན་འཛོམས་ཀྱི་ཐོག་མར་གོ་པལ་པུར་བོད་ཁྱིམ་ཀྱི་ངེས་སྟོན་པས་ཕེབས་བསུ་དང་དབུ་འབྱེད་གསུང་བཤད་གནང་གྲུབ་རྗེས་སྐུ་མགྲོན་གཅོ་བོ་ཤེས་རིག་བཀའ་བློན་མཆོག་གིས་འཚམས་འདྲི་དང་འབྲེལ་གསུང་བཤད་གནང་དོན། དེ་རིང་གོ་པལ་པུར་བོད་ཁྱིམ་སློབ་གྲྭའི་ནང་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་རྩོམ་རིག་དང་རིག་གཞུང་འདུ་འཛོམས་གནང་གི་ཡོད་པ་རེད། ཤེས་རིག་ལས་ཁུངས་ཀྱི་ངོས་ནས་ཕྱི་ཟླ་ ༡༠ ཚེས་ ༦ ནས་ ༡༣ བར་རྩོམ་རིག་དང་རིག་གཞུང་འདུ་འཛོམས་གོ་སྒྲིག་གནང་གི་ཡོད། དེའི་ནང་དྷ་ས་ཁུལ་གྱི་སློབ་གྲྭ་ཁག་བརྒྱད་ནས་སློབ་ཕྲུག་གྲངས་ ༡༩༧ དང་། ལྡེ་ར་སྡུན་ཁུལ་ནས་སློབ་ཕྲུག་གྲངས་ ༡༤༢ ། ལྷོ་ཕྱོགས་ཁུལ་གྱི་སློབ་གྲྭ་དྲུག་ནས་སློབ་ཕྲུག་གྲངས་ ༡༣༤ ། བྱང་ཤར་ཁུལ་གྱི་སློབ་གྲྭ་ཁག་དྲུག་ནས་སློབ་ཕྲུག་གྲངས་ ༡༣༨ བཅས་ནས་དགེ་རྒན་ཕྱག་རོགས་གནང་མཁན་གྲངས་ ༢༧ དང་སློབ་ཕྲུག་གྲངས་ ༦༠༥ ཐམ་པ་མཉམ་ཞུགས་གནང་གི་ཡོད།སྤྱི་ནོར་༸གོང་མ་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བོད་པའི་སློབ་ཕྲུག་ཆེད་སློབ་གྲྭ་ཁག་ཟུར་དུ་བཙུགས་པ་ལ་བརྟེན་ནས་འདུ་འཛོམས་འདི་ལྟ་བུ་གནང་ཐུབ་ཡོད། དེང་སྐབས་བོད་ནང་རྒྱ་ནག་གཞུང་གིས་ལས་གཞི་གསར་པ་ཞིག་སྤེལ་ནས་བོད་ནང་ལོ་ ༦ ནས་ ༡༨ ལ་སོན་པའི་བོད་པའི་སློབ་ཕྲུག་ཕ་མ་དང་ཁ་བྲལ་བཅུག་སྟེ་རྒྱ་ནག་གཞུང་གི་སྟངས་འཛིན་འོག་ཡོད་པའི་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭ་ཁག་གི་ནང་བཏང་སྟེ་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་བཞིན་ཡོད་པ་མ་ཟད། ཆབ་སྲིད་ཀྱི་སློབ་གསོ་དེ་བརྒྱུད་བོད་པའི་ངོ་བོའི་རྩ་བ་སྟེ་ཆོས་དང་རིག་གཞུང་། སྐད་ཡིག  ཡུལ་སྲོལ་གོམས་གཤིས་སོགས་རྩ་གཏོར་དུ་གཏོང་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་གྷོ་པལ་པུར་བོད་ཁྱིམ་སློབ་གྲྭའི་སློབ་སྤྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད་པ་བཅས།།

 

སྔོན་མ།
བོད་དགེའི་འོས་སྦྱོང་འགོ་འཛུགས་གནང་བ།
ཕྱི་མ།
སྡེ་ར་ལྡུན་ཁུལ་གྱི་སློབ་གྲྭ་ནང་ཁུལ་གྱི་རྩོམ་རིག་དང་རིག་གཞུང་འདུ་འཛོམས་འགོ་འཛུགས་གནང་བ།
Menu