ཟླ་རེའི་གསར་འགྱུར།

བོད་པའི་བུ་མོ་གཅིག་ལ་འཛམ་གླིང་ནང་སྙན་གྲགས་ཆེ་ཤོས་སུ་གྲགས་པའི་ཨ་རིའི་རོ་སྡེ་སི་སློབ་ཡོན་ཐོབ་པ།

གསར་འཕྲིན།

༄༅། །དེང་སྐབས་ཨ་རིའི་སི་ཊན་ཕོཌ་གཙུག་ལག་སློབ་ཁང་(Standford University)དུ་མི་རིགས་(Race and Ethnicity)དཔྱད་ཞིབ་རིག་པའི་ཐོག་སློབ་གཉེར་གནང་བཞིན་པའི་བུ་མོ་བསྟན་འཛིན་གསལ་སྒྲོན་ལགས་ལ་འདི་ལོའི་འཛམ་གླིང་དུ་སྙན་གྲགས་ཆེ་ཤོས་སུ་གྲགས་པའི་རོ་སྡེ་སི་(Rhodes Scholarship)སློབ་ཡོན་ཐོབ་ཡོད། སློབ་ཡོན་དེ་བཞིན་ད་བར་བོད་མིར་ཐོབ་པ་ཐེངས་གཉིས་པ་ཆགས་ཡོད། སློབ་ཡོན་དེའི་འོག་ཨ་རིའི་སློབ་མ་ ༣༢ དང་ལྷན་བུ་མོ་བསྟན་འཛིན་གསལ་སྒྲོན་ལགས་ཀྱིས་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་ཨོ་སི་ཕོཌ་(Oxford University)གཙུག་ལག་སློབ་ཁང་དུ་བསྐྱོད་དེ་འཛམ་གླིང་ནང་སྐྱབས་བཅོལ་བའི་གནས་སྟངས་སྐོར་དང་བཙན་དབང་འོག་རང་ཡུལ་ནས་རྒྱལ་ཁབ་གཞན་དུ་གནས་སྤོ་བྱས་པའི་ཡུལ་མི་ཚོའི་གནས་སྟངས།  དེ་བཞིན་དེང་དུས་རྒྱ་ནག་གི་སྤྱི་ཚོགས་སྐོར་སོགས་ལ་སློབ་སྦྱོང་གནང་འཆར་ཡོད་འདུག བུ་མོ་བསྟན་འཛིན་གསལ་སྒྲོན་ལགས་སུ་འདི་ལོའི་ལོ་འགོར་ཊུ་མན་སློབ་ཡོན་(Truman Scholarship)ཐོབ་ཡོད། ཐེངས་འདིར་ཁོང་ལ་འཛམ་གླིང་ནང་སྙན་གྲགས་ཆེ་ཤོས་སུ་གྲགས་པའི་ཨ་རིའི་རོ་སྡེ་སི་སློབ་ཡོན་ཐོབ་རྗེས་དགའ་ཚོར་ཆེན་པོའི་ཐོག་རང་གི་སྦྱིན་བདག་དང་གྲོགས་པོ་གྲོགས་མོ། དེ་བཞིན་ནང་མི་ཚོས་ད་བར་མཛའ་བརྩེ་ཆེན་པོས་རྒྱབ་སྐྱོར་གནང་བའི་དྲིན་ལས་བྱུང་བ་ཞིག་ཡིན་སྐོར་གསུངས་ཐོག་བཀའ་དྲིན་རྗེས་དྲན་ཞུས་པ་དང་སྦྲགས། སློབ་ཡོན་གྱི་གོ་སྐབས་འདིའི་ཐོག་བོད་ཀྱི་གནད་དོན་དང་འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་ཐོག་ཞབས་འདེགས་ཕྲན་བུ་ཞིག་བསྒྲུབ་ཐུབ་པའི་ཡིད་ཆེས་ཡོད་སྐོར་ཡང་གསུངས་ཡོད།
     བུ་མོ་བསྟན་འཛིན་གསལ་སྒྲོན་ལགས་ཀྱིས་སི་ཊན་ཕོཌ་གཙུག་ལག་སློབ་ཁང་དུ་ཕྱི་ལོ་༢༠༡༠ ལོར་༸གོང་ས་མཆོག་དང་རྒྱ་རིགས་སློབ་ཕྲུག་དབར་གྲོས་མོལ་ལྷན་ཚོགས་ཤིག་གོ་སྒྲིག་གནང་མྱོང་ཡོད་པ་བཅས།།

ཡོང་ཁུངས། བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ།

སྔོན་མ།
དབུས་བོད་སློབ་འཛིན་ཚོགས་ཀྱི་ལོ་རེའི་འགན་འཛིན་ལྷན་འཚོགས་གཏན་འཁེལ་བ།
ཕྱི་མ།
བོད་པའི་དགེ་རྒན་ཞིག་ལ་སྤྱི་ཚོགས་ནང་ཤེས་ཡོན་ཐོག་ཕུལ་བྱུང་ཞབས་ཞུ་བསྒྲུབས་པའི་བྱ་དགའ་གནང་བ།
Menu