ཟླ་རེའི་གསར་འགྱུར།

བོད་རིགས་སློབ་ཕྲུག་རྣམས་ལ་འགོ་ཁྲིད་ཀྱི་ནུས་པ་སྐྱེད་སྲིང་གི་ཟབ་སྦྱོང་དབུ་འཛུགས་གནང་།

༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༢༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༠༥ ཐོག་འདི་ག་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་དྷ་ཤོད་བོད་ཁྱིམ་ཚོགས་ཁང་ནང་རྒྱ་བལ་གཉིས་ཀྱི་སློབ་གྲྭ་ཁག་ ༣༡ ནས་སྣེ་ཁྲིད་དགེ་རྒན་ ༣༢ དང་འཛིན་རིམ་བཅུ་པའི་སློབ་ཕྲུག་གྲངས་ ༣༡༠ ལ་འགོ་ཁྲིད་ནུས་པ་སྐྱེད་སྲིང་གི་ཟབ་སྦྱོང་དབུ་འཛུགས་གནང་།  དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༥ ཐོག་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་དང་། ཤེས་ཡོན་འགན་འཛིན་རྣམ་པ། འབྲེལ་ཡོད་ལས་བྱེད། དེ་བཞིན་སློབ་ཕྲུག་སོགས་ལྷན་འཛོམས་ཀྱི་ཐོག་མར་བོད་རྒྱལ་ཁབ་དང་མི་རིགས་ཆེད་དུ་ལུས་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་རྣམ་པར་རྗེས་དྲན་སླད་མྱ་ངན་གུས་འདུད་དང་ངག་བཅད་སྐར་མ་གཅིག་ཞུས་གྲུབ་མཚམས་ཤེས་རིག་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་ཟབ་སྦྱོང་ངོ་སྤྲོད་ཀྱི་གསུང་བཤད་གནང་བ་དང། སློབ་ཁག་སོ་སོའི་དགེ་རྒན་རྣམས་ཀྱིས་ཟབ་སྦྱོང་བ་རྣམས་ངོ་སྤྲོད་ཞུས།
    དེ་རྗེས་ཤེས་རིག་དྲུང་ཆེས་ཟབ་སྦྱོང་དང་འབྲེལ་བའི་ལམ་སྟོན་གསུང་བཤད་གནང་གྲུབ་མཚམས་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་མཆོག་གིས་ཟབ་སྦྱོང་དབུ་འབྱེད་ཀྱི་གསུང་བཤད་གནང་གྲུབ་རྗེས། ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་དབུ་འབྱེད་ཀྱི་མཛད་སྒོ་གྲོལ་བ་དང།  ཆུ་ཚོད་ ༡༡ ནས་དབུ་འཛུགས་ཐོག་ཚོགས་ཐུན་གཉིས་པར། སྲིད་སྐྱོང་མཆོག་གིས་འགོ་ཁྲིད་ཀྱི་ཁྱད་ཆོས་དང་འབྲེལ་ལམ་སྐོར་གསུང་བཤད་གནང་ཡོད། ཚོགས་ཐུན་གསུམ་པར་ཤེས་རིག་སློབ་ཡོན་ཚན་པའི་འགན་འཛིན་འཆི་མེད་ཚེ་དབྱངས་ལགས་ཀྱིས་ཤེས་རིག་གི་སློབ་ཡོན་དང་། མདུན་ལམ་སློབ་སྟོན་པ་སྒྲོལ་དཀར་དབང་མོ་ལགས་ཀྱིས་རིག་ཚན་འདེམས་ཕྱོགས་སྐོར་ལ་གསུང་བཤད་གནང་རྒྱུ་ཡིིན་འདུག 
    ཕྱི་ཚེས་ ༢༧ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བོད་ཀྱི་མང་གཙོའི་འཕེལ་རིམ་དང་། འཕྲིན་ལས་དཔལ་མོ་ལགས་ཀྱིས་མྱོས་རྫས་ལངས་ཤོར་སྐོར་གསུང་བཤད་གནང་རྒྱུ་ཡིན་འདུག
    ཕྱི་ཚེས་ ༢༨ ཉིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་དུས་རབས་ཉེར་གཅིག་པའི་ནང་པ་དང་། འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་ལྟེ་གནས་ཁང་གི་འགན་འཛིན་བསྟན་པ་བསམ་མཁར་ལགས་དང་ཕུར་བུ་སྒྲོལ་མ་ལགས་གཉིས་ཀྱིས་འཚེ་མེད་ཞི་བའི་ལྟ་གྲུབ་སྐོར་ལ་གསུང་བཤད་གནང་རྒྱུ་ཡིན་འདུག
ཕྱི་ཚེས་ ༢༩ བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་བོད་རྒྱ་འབྲེལ་མོ་དང། སམ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་ལགས་ཀྱིས་ཤེས་ཡོན་ངོས་འཛིན་སྐོར་ལ་གསུང་བཤད་གནང་རྒྱུ་དང་། དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་ཀྱིས་ཤེས་རིག་ལས་དོན་སྐོར་དང་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་ངོ་སྤྲོད་གནང་རྒྱུ་ཡིན་འདུག 
    ཕྱི་ཚེས་ ༣༠ ཉིན་སྲིད་སྐྱོང་མཆོག་གིས་ད་ལྟའི་བོད་ཀྱི་ཆབ་སྲིད་གནས་སྟངས་སྐོར་ལ་གསུང་བཤད་གནང་རྒྱུ་ཡིན་འདུག མདོར་ན་ཕྱི་ཚེས་ ༢༧ ནས་ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༢ བར་གྱི་ཟབ་སྦྱོང་འདིར་བརྗོད་གཞི་ཁག་བཅུ་བདུན་ལ་གདན་ཞུ་མི་སྣ་བཅུ་བདུན་གྱིས་རིམ་བཞིན་གསུང་བཤད་གནང་རྒྱུ་ཡིན་འདུག་པ་བཅས།

སྔོན་མ།
སྐབས་གསུམ་པའི་གཞི་རིམ་འོག་མའི་དགེ་རྒན་འོས་སྦྱོང་མཇུག་སྒྲིལ་བ།
ཕྱི་མ།
སྲིད་སྐྱོང་མཆོག་གིས་བོད་རིགས་སློབ་ཕྲུག་རྣམས་ལ་འགོ་ཁྲིད་ནུས་པ་སྐྱེད་སྲིང་གི་ཟབ་སྦྱོང་དབུ་འབྱེད་མཛད་སྒོར་གསུང་བཤད་གནང།