ཟླ་རེའི་གསར་འགྱུར།

བྱིས་པའི་ཀློག་རྩལ་གྱི་སྒྲ་སྒྱུར་ཟབ་སྦྱོང་།

གསར་འཕྲིན།

width=༄༅། ། ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༡༤ ནས་༡༦ བར་ཉིན་གྲངས་གསུམ་རིང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ལྡི་ལི་བསམ་ཡས་གླིང་བདེ་སྐྱིད་ཚོགས་ཁང་དུ། བྱིས་པའི་ཀློག་རྩལ་གྱི་སྒྲ་སྒྱུར་ཟབ་སྦྱོང་ཞིག་སྐོང་ཚོགས་ཞུས་ཡོད།

ཐེངས་འདིའི་ཟབ་སྦྱོང་ཐོག་ཤེས་རིག་ལས་ཁུངས་ཀྱི་སློབ་དེབ་རྩོམ་སྒྲིག་པ་དང་། སློབ་གྲྭའི་དགེ་རྒན། རང་དབང་རྩོམ་པ་པོ། མཐོ་རིམ་སློབ་མ་སོགས་ཡིག་སྒྱུར་ཐོག་ཕྱག་ལས་གནང་མཁན་མི་གྲངས་༡༧ འཛུལ་ཞུགས་གནང་ཡོད།
ཟབ་ཁྲིད་གནང་མཁན་སློབ་དཔོན་ཀྲྀཤ་ན་ཀུ་མར་ལགས་དང་། ཌོག་ཊར་ལཱ་ཏི་ཀ་གུཔྟ་ལགས། ཤེས་ཡོན་འགན་འཛིན་ཟུར་པ་རྒྱལ་མཚན་ལགས་བཅས་ནས། སྐད་ཡིག་གི་གོ་དོན་དང་། བྱིས་པའི་དཔེ་དེབ་ཀྱི་དགོས་མཁོ། སྒྲུང་གཏམ་བརྒྱུད་ནས་སློབ་སྦྱོང་བྱེད་པ། ཡིག་སྒྱུར་དང་འབྲེལ་བའི་གནད་དོན། བྱིས་སྒྲུང་སྒྱུར་ཐབས་སོགས་བརྗོད་གཞི་འདྲ་མིན་ཐོག་ཟབ་འཁྲིད་གནང་བ་མ་ཟད། བྱིས་སྒྲུང་སྒྱུར་ཐབས་ཀྱི་སྦྱོང་བརྡར་དང་ལོ་ཙཱ་བ་ཕན་ཚུན་ཡིག་སྒྱུར་བྱ་ཐབས་ཀྱི་དགོངས་ཚུལ་བརྗེ་རེས་ལྷུག་པོ་གནང་ཡོད། width=
སྔ་ལོ་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་མཁས་པའི་སློབ་སྟོན་ཚོགས་ཆུང་གི་ཚོགས་འདུའི་སྐབས་བོད་པའི་སློབ་གྲྭ་ཁག་ནང་བྱིས་པའི་ཀློག་རྩལ་གོང་འཕེལ་གཏོང་ཐབས་ཀྱི་ལས་འཆར་སྤེལ་དགོས་ཀྱི་དགོངས་ཚུལ་བྱུང་བ་བཞིན། ཤེས་རིག་ལས་ཁུངས་ནས་བྱིས་པའི་ཀློག་རྩལ་ཡར་རྒྱས་གཏོང་ཕྱོགས་ཐད། སློབ་གྲྭའི་དཔེ་མཛོད་དགེ་རྒན་དང་གཞི་རིམ་འོག་མའི་དགེ་རྒན་རྣམས་ལ་ཀློག་རྩལ་སློབ་ཐབས་ཀྱི་ཟབ་སྦྱོང་དང་། སློབ་གྲྭ་ཁག་གི་དཔེ་མཛོད་ཡར་རྒྱས། འཛིན་གྲྭའི་ནང་དཔེ་དེབ་མཐུན་སྦྱོར་ཞུ་རྒྱུ། དམའ་རིམ་སློབ་མ་རྣམས་ཀྱི་ཆེད་བྱིས་སྒྲུང་རྩོམ་འབྲི་དང་སྐད་ཡིག་གཞན་ལས་བྱིས་སྒྲུང་ཡིག་སྒྱུར་བྱ་རྒྱུ་སོགས་ལས་འཆར་སྣ་མང་ཞིག་སྤེལ་དང་སྤེལ་མུས་ཡིན་ཞིང་། ཐེངས་འདིའི་བྱིས་སྒྲུང་སྒྲ་སྒྱུར་གྱི་ཟབ་སྦྱོང་ཡང་དེའི་ཆ་ཤས་ཤིག་ཡིན་པ་རེད།
width=ཐེངས་འདིའི་ཟབ་སྦྱོང་གྲུབ་རྗེས་ཨིན་ཇི་དང་ཧིནྡི་སོགས་སྐད་ཡིག་གཞན་ཐོག་ཡོད་པའི་བྱིས་སྒྲུང་གང་མང་ཞིག་བོད་སྒྱུར་དང་དཔར་སྐྲུན་བྱ་འཆར་ཡོད་འདུག
ཟབ་སྦྱོང་འདིའི་མཐུན་སྦྱོར་ནི་བོད་ཀྱི་ཐེབས་རྩ་བརྒྱུད་USAID ནས་གནང་ཡོད་འདུག་པ་བཅས།

སྔོན་མ།
བཙན་བྱོལ་བོད་མིའི་ཤེས་རིག་ཚན་པའི་འཐུས་མི་ཁག་གཅིག་གིས་ཨ་རིའི་གཙུག་ལག་སློབ་ཁང་དུ་གཟིགས་ཞིབ་གནང་བ།
ཕྱི་མ།
གཞི་རིམ་འོག་མའི་ཨང་རྩིས་སློབ་དེབ་གཏན་འབེབས།
Menu