ཟླ་རེའི་གསར་འགྱུར།

བྱིས་པའི་ཉིན་མོར་ཤེས་རིག་བཀའ་བློན་གྱི་གསུང་འཕྲིན།

གསར་འཕྲིན།, བཀའ་བློན་མཛད་འཆར།

༄༅། །ལོ་ལྟར་ཕྱི་ཟླ་ ༡༡ ཚེས་ ༡༤ ཉིན་རྒྱ་གར་གྱི་སྲིད་བློན་དང་པོ་པཎྜི་ཏ་ཇ་ཝཱ་ཧར་ལཱལ་ནེཧ་རཱུ་ (Pandit Jawaharlal Nehru) མཆོག་གི་སྐུའི་འཁྲུངས་སྐར་དང་བསྟུན། བྱིས་པའི་ཉིན་མོ་ཞེས་རྒྱ་གར་རྒྱལ་ཡོངས་སུ་སྲུང་བརྩི་ཞུ་མུས་ཡིན་པ་ལྟར། བོད་པའི་སློབ་གྲྭ་ཁག་གི་ནང་དུའང་བྱིས་པའི་ཉིན་མོ་སྲུང་བརྩི་ཞུ་བཞིན་ཡོད་པས། ངས་ཐོག་མར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཚབ་ཞུས་ཏེ་སློབ་ཕྲུག་ཚང་མར་འཚམས་འདྲི་དང་སྦྲགས་ཉིན་མོ་འདི་ཧ་ཅང་སྐྱིད་པོ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།

སྔ་ལོའི་བྱིས་པའི་ཉིན་མོའི་གཏམ་བཤད་ཀྱི་བརྗོད་བྱ་གཙོ་བོ་གཙང་སྦྲ་འཕྲོད་བསྟེན་གལ་འགངས་ཆེ་ཚུལ་ཐོག་ཞུས་ཡོད་པས་རྣམ་པ་ཚང་མས་དགོངས་པར་བཅངས་ཏེ་ཕྱག་བསྟར་གནང་མུས་ཡིན་པའི་རེ་བ་ཡོད། ད་རེས་བློ་གསར་གཞོན་སྐྱེས་རྣམས་ནས་རང་རེ་བོད་མི་ཚོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་དྲིན་ཇི་ལྟར་བསྐྱངས་ཚུལ་དང་། བོད་མི་རྒན་རབས་རྣམས་བཙན་བྱོལ་དུ་ཕེབས་སྐབས་སྐུ་ངལ་ཇི་ལྟར་འཕྲད་ཡོད་མེད་སྐོར་མཁྱེན་རྟོགས་ཡོང་ཆེད་དུ་ཞུ་གི་ཡིན།

ཕྱི་ལོ་ ༡༩༥༩ ལོར་རྒྱ་དམར་དཔུང་ཚོགས་ཀྱིས་བོད་ཀྱི་རྒྱལ་ས་ལྷ་སར་དྲག་གནོན་མི་བཟོད་པ་བྱས་པའི་ཆེས་ཛ་དྲག་གི་སྐབས་སུ། ལྷར་བཅས་སྲིད་ཞིའི་གཙུག་རྒྱན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་ཀྱིས་བོད་བསྟན་སྲིད་མི་རིགས་དང་བཅས་པ་རང་དབང་སླར་གསོ་ཡོང་ཐབས་ཆེད་རྒྱ་གར་འཕགས་ཡུལ་དུ་༸ཞབས་སོར་འཁོད་མ་ཐག་བོད་མི་བཙན་བྱོལ་བ་རྣམས་ལ་འཕྲལ་སེལ་འཚོ་ཐབས་བསྐྲུན་རྒྱུར་གནས་ཡུལ་གཞིས་ཆགས་དང་། སངས་རྒྱས་ཀྱི་བསྟན་པ་བཤད་སྒྲུབ་འཆད་ཉན་གྱིས་འཛིན་པའི་དགོན་སྡེ་ཁག་མང་གསར་འཛུགས་གནང་ཡོད། ལྷག་པར་དུ་རང་རེའི་བོད་ཀྱི་མ་འོངས་སོན་རྩ་བུ་ཕྲུག་རྣམས་ལ་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་སློབ་སྦྱོང་སྤྲོད་ཡུལ་གཏན་ཉིན་སློབ་གྲྭ་ཁག་གསར་འཛུགས་བསྐྱངས་པའི་རླབས་ཆེན་ཐུགས་བསྐྱེད་ཟབ་མོ་ལ་བརྟེན་ནས། དེང་གི་ཆར་བསླབ་པ་མཐར་སོན་པའི་བོད་ཕྲུག་བརྒྱ་ཕྲག་མང་པོས་༸རྒྱལ་བའི་བཀའ་སློབ་དགོངས་དོན་འཛམ་གླིང་སྤྱི་དང་། ཡང་སྒོས་རང་རེའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཆོས་དང་། རིག་གཞུང་། དཔལ་འབྱོར། འཕྲོད་བསྟེན་སོགས་ལས་རིགས་སྣེ་མང་ཐོག་སྤྱི་སྨན་ཞབས་འདེགས་བསྒྲུབས་དང་སྒྲུབ་བཞིན་པའི་གནས་བབས་བཟང་པོ་འདི་ལྟ་བུ་ཆགས་ཡོད་པ་ནི་མགོན་པོ་གང་ཉིད་ཀྱི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས་དུས་དང་རྣམ་པ་ཀུན་ཏུ་བཀའ་དྲིན་སྙིང་བཅང་ཞུ་དགོས་པ་ཡིན།

རང་ཉིད་ལྟ་བུར་མཚོན་ན། བོད་ཀྱི་རྒྱལ་རབས་ནང་གི་ཛ་དྲག་གཉན་འཕྲང་དང་། དཀའ་ཚེགས་ཅན་གྱི་དུས་སུ་འཚར་ལོངས་བྱུང་བ་ཞིག་ཡིན། རྒྱ་དམར་གྱིས་བོད་ནང་བཙན་འཛུལ་གྱིས་དགོན་སྡེ་ཁག་མང་ཞིག་གཏོར་བཤིག་བཏང་བ་དང་། རང་རེའི་ཤ་ཁྲག་གཅིག་པའི་བོད་རིགས་མང་པོ་ཞིག་རི་ཀླུང་མང་པོ་བརྒལ་ཏེ་རྒྱ་བལ་འབྲུག་གསུམ་ནང་བྲོས་བྱོལ་དུ་ཕེབས་སྐབས་ལམ་དུ་ཁ་ཟས་འདང་ངེས་མེད་པ་དང་། ཉིན་མོར་ཤིང་ནགས་སུ་གབ་ཡིབས་ཀྱིས་མཚན་མོར་འགྲུལ་བཞུད་རྒྱུན་མཐུད་བྱ་དགོས་སོགས་ཀྱི་དཀའ་ངལ་དུ་མ་འཕྲད་པ་དང་། མི་ས་མ་རི་དང་བྷ་ལུཀ་པོངྒ་ལ་སོགས་པའི་ས་ཁུལ་དུ་ཚ་དྲོད་ཀྱིས་བཟོད་གླགས་མི་ཐུབ་པར་བོད་མི་མང་པོ་ཞིག་དུས་མིན་རྐྱེན་འདས་སུ་གྱུར་ཏེ་སྐུ་ཕུང་བསྲེགས་པའི་དུད་སྤྲིན་རྫོགས་མཐའ་མེད་པ་བྱུང་ཡོད་པ་རང་ཉིད་ནས་དངོས་སུ་མཐོང་བ་གསལ་པོ་དྲན་གྱི་འདུག ད་ལྟའི་ཆར་བོད་ནང་དུ་ལྷག་པའི་གཞིས་ལུས་སྤུན་ཟླ་རྣམས་ནི་རྒྱའི་འོག་ཏུ་ཉིན་མཚན་འཁྱོལ་དཀའ་བའི་བསམ་ཡུལ་ལས་འདས་པའི་མནར་གཅོད་དང་། བཙན་གནོན། སྡུག་སྦྱོང་སོགས་ཀྱི་དཀའ་ངལ་མྱངས་དང་མྱོང་བཞིན་ཡོད།

རྒྱུ་མཚན་དེ་དག་ལ་བརྟེན་ནས་བོད་མི་གཞོན་སྐྱེས་ཚོས་༧གོང་ས་མཆོག་གི་བཀའ་སློབ་དགོངས་དོན་བོད་མིའི་སྤྱི་ཚོགས་ཁྲོད་ཞབས་འདེགས་ཞུ་རྒྱུའི་ཆོད་སེམས་བརྟན་པོའི་ཐོག་སྐུ་ངལ་ཚད་མེད་བསྐྱོན་ཡོད་ཅིང་། རྒྱ་དམར་གྱི་ལག་ནས་རང་དབང་སླར་གསོ་བྱ་རྒྱུའི་ལག་ཆ་གཙོ་བོ་དེ་ནི་ཤེས་ཡོན་ཉག་གཅིག་ཆགས་ཡོད་པར་ངོས་འཛིན་གྱིས་དེའི་ཐོག་དམིགས་བསལ་ཤུགས་གནོན་ཧ་ཅང་ཆེན་པོ་བསྐྱོན་ཡོད།

འདས་པའི་ལོ་ངོ་དྲུག་ཅུ་ལྷག་རིང་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་། ཆོས་རིག་ལེགས་བྱང་། ཡུལ་གོམས་གཤིས་ལུགས་སོགས་མི་ཉམས་རྒྱུན་འཛིན་དང་། ཉམས་པ་སླར་གསོ་ཐུབ་པ་བྱུང་ཡོད། ད་ལྟའི་ཆར་བོད་མི་མང་པོ་ཞིག་འཛམ་གླིང་ཡུལ་གྲུ་གང་སར་ཁ་འཐོར་དུ་ཕྱིན་ཡོད་ནའང་དེང་དུས་ཀྱི་ཤེས་ཡོན་ལྡན་པའི་ཐོག་ནས་འཛམ་གླིང་ནང་གི་མི་གཞན་དང་མཉམ་དུ་དཔུང་པ་མཉམ་གཤིབས་ཀྱིས་འགྲོ་ཐུབ་ཀྱི་ཡོད་པ་དང་། ཕ་མ་རྣམས་ཀྱི་ངོས་ནས་ཀྱང་རང་རང་སོ་སོའི་བུ་ཕྲུག་གི་མི་ཚེའི་མདུན་ལམ་དང་ཤེས་ཡོན་སློབ་གསོའི་མཐུན་རྐྱེན་སྦྱོར་སྤྲོད་ཐུབ་པ་སོགས་ཀྱི་འབྱུང་རྩ་གཙོ་བོ་དེ་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་སྐུ་ན་ཕྲ་སྒང་ནས་བོད་དང་བོད་མིའི་རྩ་དོན་ཆེད་དུ་སྐུ་ངལ་ལ་གདོང་ལེན་མི་ཉུང་བ་ཞིག་བསྐྱོན་པའི་འབྲས་བུ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས་བཀའ་དྲིན་རྗེས་དྲན་ཞུ་དགོས་པ་མ་ཟད། རང་གི་བུ་ཕྲུག་ལའང་༧གོང་ས་མཆོག་གི་བཀའ་དྲིན་ཡིན་པ་ངེས་པར་གསུང་དགོས། 

རང་རེའི་མ་འོངས་བོད་ཀྱི་སོན་རྩ་བོད་ཕྲུག་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་ཞུ་འདོད་པ་ནི། བོད་མི་རྣམས་ལ་འཛམ་བུ་གླིང་ཡུལ་གྲུ་གང་དུའང་མེད་པའི་དབུ་ཁྲིད་ཡང་དག་པ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལྟ་བུ་ཡོད་པར་དགའ་སྤོབས་སྐྱེ་དགོས།

  • ཤེས་ཡོན་གྱི་ནུས་པའི་ཐོག་ནས་འགྲོ་བ་མིའི་རིན་ཐང་གོང་འཕེལ་གཏོང་དགོས།
  • དུས་ནམ་ཡང་གཞན་ལ་བརྙས་བཅོས་སམ་ཐུབ་ཚོད་གཏོང་རྒྱུ་མེད་པ་དང་། རང་ཉིད་ནས་ཀྱང་གཞན་གྱིས་བརྙས་བཅོས་སོགས་ཀྱི་མི་འོས་པའི་བྱ་བར་མ་འཁུར་བའི་ཐོག་ནས་གཞན་ལ་བཤད་ཐུབ་པ་བྱེད་དགོས།
  • ཤེས་ཡོན་སྤྲོད་པའི་དམིགས་ཡུལ་ནི་ནང་གི་བསམ་བློ་གོང་འཕེལ་གཏང་རྒྱུ་ཙམ་དུ་མ་ཡིན་པར་རང་ཉིད་ཀྱི་གཤིས་སྤྱོད་བཟང་པོ་དང་། ཕྱོགས་ཡོངས་ནས་ཤེས་འཇོན་གཉིས་ལྡན་བཟོ་རྒྱུ་དེ་ཆགས་ཡོད།
  • ཕྲུ་གུ་མི་རེ་ངོ་རེར་ལྷན་སྐྱེས་ཀྱི་ནུས་པ་ལྡན་ཡོད་པ་ངོས་འཛིན་བྱེད་དགོས།
  • སྒྲིག་གཞི་དང་མི་འགལ་བའི་ཐོག་ནས་རང་ཁྲིམས་རང་སྲུང་ཞུ་དགོས་པ་ཡིན། མདོར་ན་ཁྱེད་རྣམ་པས་སྔར་ལྷག་ངལ་བ་ཁྱད་བསད་ཀྱིས་ཕྱི་ནང་ཤེས་བྱའི་རིག་པའི་གནས་ལ་ཕྱུག་ཅིང་། ཡ་རབས་སྤྱོད་བཟང་ལྡན་པའི་མ་འོངས་བོད་ཀྱི་སོན་རྩ་ཚད་ལྡན་ཞིག་ཏུ་འགྱུར་ཐུབ་པའི་འབད་བརྩོན་གནང་རོགས་ཞེས་སྐུལ་མ་ཞུ་རྒྱུ་ཡིན།

མཐའ་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་ བཞེད་དགོངས་མཐའ་དག་ལྷུན་གྱིས་གྲུབ་པ་དང་། གསང་གསུམ་གྱིས་མཛད་འཕྲིན་ཡར་ངོའི་ཟླ་ལྟར་འཕེལ་བའི་སྨོན་འདུན་ཤུགས་དྲག་དང་བཅས། ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མས། ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༤ ཉིན།

སྔོན་མ།
༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་སྲུང་བརྩིར་ཤེས་རིག་བཀའ་བློན་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆེད་ཕེབས་གནང་བ།
ཕྱི་མ།
རྒྱ་གར་རྒྱལ་ཡོངས་ཚན་རིག་དང་རྩིས་རིག ཁོར་ཡུག་འགྲེམས་སྟོན་ཐེངས་ཞེ་བཅུ་ཞེ་དགུ་པར་བོད་ཕྲུག་ལྔ་མཉམ་ཞུགས་གནང་བ།
Menu