ཟླ་རེའི་གསར་འགྱུར།

མོན་གླིང་གཡུལ་འགྱེད། (ཚན་པ་གསུམ་པ)

དེའི་ཚེ་ན་གླིང་སྒར་གྱི་ཕྱོགས་ནས་འགྲན་མེད་སྟོབས་ཀྱི་གེ་སར་རྒྱལ་པོ་བཀའ་བློན་དང་དཔའ་རྟུལ་བཅུ་གསུམ་གྱིས་བསྐོར་ཅིང་ཉ་མོ་ཁུག་ཆུའི་ཕུ་ལུང་ལ་ཡར་བྱོན་པ་ན། ཕུ་ལ་ཆེན་གྱི་ལུང་པ་དེ་གནམ་སྔོན་མོ་རྒྱ་ཁབ་ཙམ་ལས་མི་མཐོང་བ་དང༌། ས་ཟོ་ར་འདྲ་བ་ཞིག་གི་ཁུག་ཟུར་ལ་ཕྱག་ཕེབས་པ་དང༌། དེར་བྲག་ནག་པོ་སྲིན་པོའི་གྲུ་འདྲ་བའི་མར་གཤམ་ལ། ཐང་སྒོར་སྒོར་ཆུང་ཆུང་ཞིག་གི་སྟེང་རྡོ་ཕོང་བ་ལྟེབ་སྒམ་འདྲ་བ་ཞིག་འདུག་པས། འགྲན་མེད་རྒྱལ་པོའི་ཐུགས་ལ། གནམ་སྔོ་ཟུར་དེར་བལྟས་ན། ལྷས་ལུང་བསྟན་པ་དེ་འདྲ་བ་ཞིག་འདུག་དགོངས་ནས་རྡོ་ཕོང་བ་དེར་སྐོར་བ་བརྒྱབ་པས་ཐེའུ་རངས་དཀར་ནག་ཁྲ་གསུམ་གྱི་རྐང་རྗེས་མངོན་སུམ་དུ་གཟིགས་ཏེ་འཕྲལ་མར་སྟོང་ཉིད་ཀྱི་ཞགས་པས་བསྡམས་པ་དང་མཉམ་དུ་སྟ་ཆེན་བྲག་རི་ཁ་གཤོག་དེ་ལན་གཅིག་བརྒྱབ་པས། ཕོང་བ་དེ་གའུ་ཁ་ཕྱེ་བ་ལྟར་སོང་བའི་ནང་དུ་གནམ་ལྕགས་ཁྲོ་ཆུའི་ཕོང་བ་འབྲོང་གཡག་གསུམ་ཙམ་བྱས་པ་ཞིག་འདུག་པ་དེ་དཔའ་རྟུལ་རྣམས་ཀྱིས་ཞགས་པ་བརྒྱབ་སྟེ་བཟུང་བ་དང་ཕྱོགས་མཚུངས། སྐྱེས་བུ་ཆེན་པོས་ཕོང་བ་དེ་ཁ་གཤགས་མ་ཐག་ལྕགས་ཀྱི་སྡིག་པ་རྭ་ཙ་མགོ་དགུ་པ་རྭ་རྩེ་བཅོ་བརྒྱད་ཡོད་པ་གཅིག་བྱུང་བ་དེས་འགུལ་ཙམ་བྱས་པས་གནམ་རིམ་པ་བཅུ་གསུམ་དཀྲུགས། ས་རིམ་པ་བཙུ་གསུམ་གཡོས་རུང་དཔའ་རྟུལ་རྣམས་ཀྱིས་འཇིགས་པ་མེད་པར་མདའ་རུབ་མདུང་རུབ་ཀྱིས་བསད། དེ་ཡི་སྐབས། ཤོ་སྦག་མིག་གསུམ་ལུས་ལ་འཛོམས་པའི་བྱ་ཐན་ཞིག་ནམ་མཁར་འཕུར་སོང༌། ཡང་འགྲན་མེད་གེ་སར་རྒྱལ་པོས་ལྕགས་ཀྱུས་བཟུང་ནས་དབང་དུ་འདུས། དེ་ནས་ཡུད་ཙམ་སོང་རྗེས། ཝ་མོ་ཁ་སོ་ལྕགས་ལ་མཇུག་མ་ཟངས་ཡིན་པ་ཞིག་གིས་དཔའ་བོ་ཚོའི་མདུན་ལ་སྐད་ངན་སྣ་ཚོགས་བརྒྱབ་ནས་ཕར་རྒྱུག་ཚུར་རྒྱུག་བྱེད་པ་དང་མཉམ་དུ། དཔའ་མོ་དང་ཁམ་པ་གཡུ་བརྟན། འདན་མ་གསུམ་གྱིས་བསྟུད་མར་མདའ་རེ་རེ་བརྫངས་པ་དང༌། འདན་མའི་མདའ་ཝ་ཡི་ཐོད་པར་ཕོག་ནས་སྤུ་དཀར་རྐང་བདུན་པོ་དེ་ཡང་རྨེག་མེད་དུ་གཏོར། ཝ་དེས་ད་རུང་སྨད་དྲུས་ནས་མི་ཆུང་གི་མདུན་དུ་བྱུང་བས་མི་ཆུང་ལྷག་པར་སྐྲག་སྟེ་ཕྱིར་བྲོས་སྐབས། ཁྲོ་ཐུང་ལ་འབུད་རྒྱག་ཐེབས་ནས་ཁྲོ་ཐུང་ཐལ་བ་ཟིང་ངེར་གན་རྐྱལ་ལོག་པ་དང༌། ཝ་མོས་ཁྲོ་ཐུང་གི་པུས་མོར་སོ་རྒྱག་པའི་སྐབས་དེར། གཡུ་ལྷས་མདུང་བསྣུན་ཐེངས་གཅིག་ལ་ཝ་མོ་བསད། དཔའ་བོ་རྣམས་དགའ་སྤྲོས་ཁྲོ་ཐུང་ལ་ཇུས་ཉེས་བྱུང་བ་གཏིང་བརྗེད་དུ་སོང༌། ཁྲོ་ཐུང་ནི་མགོ་ལུས་མེད་པ་ཐལ་བས་ཁེངས་ཤིང༌། ཁ་ནས་དམོད་མོ་འདོན་བཞིན་འདུག་པས། དཔའ་རྟུལ་རྣམས་ཚུར་བྱོན་ནས་ཁྲོ་ཐུང་ཡར་བསླངས་ཏེ་ལུས་ཀྱི་ཐལ་བ་སྤྲུགས་རུང་ཁྲོ་ཐུང་ཁྲོ་ལངས་ནས་མིག་རྩ་གློག་དམར་འཁྱུག་འཁྱུག སོ་སྒྲ་གོ་ཡོས་འཆའ་འཆའི་ངང་མི་ཆུང་ལ་སྡིག་མོ་གཏོང་བའི་གླུ་འདི་འདྲ་ཞིག་བླངས་སོང༌།
གླུ་ཨ་ལ་ཐ་ལ་ཐ་ལ་རེད། །ཐ་ལ་མོ་གླུ་ཡི་ལེན་ལུགས་རེད། །བོན་སྐུ་ཚེ་དབང་རིག་འཛིན་མཁྱེན། །བོན་ཕྲུག་བསྟན་པ་གཤེན་རབ་མཁྱེན། །བོན་སེར་བླ་མའི་ཚོགས་རྣམས་མཁྱེན། །དུས་དེ་རིང་སྟག་རོང་ཁ་འཛིན་མཛོད། །ས་འདི་ས་ངོ་མ་ཤེས་ན། །ནགས་རི་ཞུམ་པ་མགོ་དགུ་རེད། །ཕོ་ང་འདྲ་ང་ངོ་མ་ཤེས་ན། །སྐྱེས་སྲིད་པའི་སྟག་རོང་ཁྲོ་ལུ་ཡིན། །གླུ་འདི་ཡི་གླུ་ངོ་མ་ཤེས་ན། །གླུ་འདི་ཧ་མེད་ཧུ་གླུ་ཡིན། །ས་ག་མ་ཡུལ་ལ་ལེན་ལེ་མིན། །ཁོ་རེ་ཉོན་དང་མི་ཆུང་ཁྱོད། །ཁྱོད་སྤྲང་ཕྲུག་འཚར་ན་འདི་འདྲ་ཡོང༌། །ཚེ་སྔ་མོ་སྔར་གྱི་དུས་ཚོད་ལ། །ཧོར་གླིང་འཁྲུག་གཞི་མ་བྱུང་གོང༌། །ཁྱོད་མི་ངན་ཧོར་ལ་ཆགས་ནས་གདའ། །གུར་དཀར་རྒྱལ་པོའི་གསོལ་དཔོན་བྱས། །མི་ཁྱོད་ལ་ག་མ་གཟིགས་མགོ་བཏགས། །གྱོད་ཀྱི་རྩ་བ་ཁྱོད་ཀྱིས་བསླངས། །ཧོར་དམག་གླིང་ལ་བབས་དོན་དེ། །རྩ་བ་ཁྱོད་ལ་ཐུག་ལེ་རེད། །ཁྱོད་ཕ་མ་གཡར་པོའི་རྒྱབ་ཁུར་ཟེར། །མ་ལ་ཟས་ཟ་འགྲང་མེད་ཟེར། །འོན་ཀྱང་སྟག་རོང་ཁྲོ་ལུ་ངས། །ལྟོ་ཆས་ཟས་གསུམ་མང་ཙམ་སྤྲད། །འགྲང་པའི་དུས་ཞིག་ལར་ནས་མེད། །དེ་རིང་ཉི་མའི་གདོང་གང་ལ། །ཟས་ཞིམ་པོ་བཟས་པའི་དྲིན་ལན་དེ། །ང་སྟག་རོང་དཔོན་པོ་ཐང་ལ་བསྒྲིལ། །གཡོ་ཆེན་ཝ་ཡིས་སོ་གཅིག་བརྒྱབ། །ཁྱོད་ཁྲ་ལག་གཟིག་རྩ་གཟིག་གི་བུ། །སྒོ་ལ་བཏགས་དུས་ནོར་ལ་འཇབ། །ཀླད་མེད་ཐ་ཞན་སྤྲང་པོའི་བུ། །མགྲོན་ལ་སྐྱེལ་དུས་རྐུ་མ་དྲན། །ཟེར་བའི་དཔེ་དེ་བདེན་པ་རེད། །
ཅེས་གླུ་མཇུག་རྫོགས་པ་དང༌། ཁྲོ་ཐུང་གིས་ལག་མགོ་འཕུར་བཞིན་མི་ཆུང་གི་མདུན་དུ་ཤོར་ཡོང་བས། མི་ཆུང་གི་བསམ་པར། ཁྲོ་ཐུང་གིས་ངའི་གདོང་དུ་ཤོར་ཡོང་བར་ཅི་མི་བསམས་ཀྱང་བྱ་བ་ངན་པ་ཁྲོ་ཐུང་ཁོས་བརྩམས། མིང་ངན་པ་ངའི་མགོ་ལ་གཡོགས་པ་དེ་གསལ་པོ་ཞིག་མ་བཟོས་ན་འགྲིགས་ལེ་མི་གདའ་བསམས་ནས་ན་རེ། །སྟག་རོང་དཔོན་པོ་ཁྲོ་ཐུང་ཁྱོད། གྱོད་མེད་གྱོད་གཞི་བཟོ་མི་རེད། གྱོད་ཀྱི་མཁན་པོ་ངོ་མ་རེད། ཧོར་གླིང་ཁྲག་བཞིན་ཁྱོད་ཀྱིས་གཡོས། མ་འདོད་མི་ཁ་ང་ལ་བཀལ། དེ་རིང་རྒྱལ་བློན་ལྷན་ཚོགས་མདུན། བདེན་རྫུན་ལོ་རྒྱུས་ང་ཡིས་ཞུ་ཟེར་ནས་གླུ་ཐུང་ཐུང་ཞིག་ཕུལ་ལོ། །
གླུ་ཨ་ལ་ཐ་ལ་ཐ་ལ་རེད། །ཐ་ལ་མོ་གླུ་ཡི་ལེན་ལུགས་རེད། །ཐེངས་གསུམ་ངག་གི་འགུགས་གླུ་རེད། །དུས་དེ་རིང་ལྷ་ཞིག་འབོད་ལེ་འདི། །ནམ་མཁའ་སྤྲིན་གྱི་གཞལ་ཡས་ནས། །དཀར་ཚོགས་སྐྱོང་བའི་ལྷ་ཀླུ་རྣམས། །གྲུབ་ཐོབ་ཐང་སྟོང་རྒྱལ་པོ་མཁྱེན། །མཁྱེན་གཟིགས་ཨ་ཕོའི་གླུ་སྣ་དྲོངས། །ས་འདི་ས་ངོ་མ་ཤེས་ན། །ནགས་རི་ཕུ་ལུང་གསུམ་མདོ་རེད། །ང་འདྲ་ང་ངོ་མ་ཤེས་ན། །མདོ་ཁམས་གླིང་གི་རྒྱལ་ས་ཡི། །སེང་ཆེན་ནོར་བུའི་གསོལ་དཔོན་ཡིན། །ཕ་ལ་གཡར་པོའི་རྒྱབ་ཁུར་ཟེར། །བུ་ལོན་གཡར་བ་མ་ཡིན་ཀྱང༌། །དབུས་ལྷ་ས་ཇོ་བོ་ཞལ་དཀར་ལ། །ཚོགས་འབུམ་ཚོགས་བཅུ་གསུམ་ཁས་ལེན་ཞུས། །ཕ་གཡར་པོའི་མིང་དེ་དེ་ནས་བཏགས། །མ་ལ་ཟས་ཟ་འགྲང་མེད་ཟེར། །ཟས་བཟས་ནས་འགྲང་རྒྱུ་ལོས་ཡོད་ཀྱང༌། །བསྐོར་ཕྱག་གྲིབ་སྦྱང་བྱེད་པའི་དུས། །ཟས་ཟ་འགྲང་མེད་དེ་ནས་བཏགས། །ང་ལ་བོད་ཕྲུག་མི་ཆུང་ཟེར། །བོད་ཕྲུག་མི་ཆུང་ཟེར་དོན་དེ། །ཕོ་ལོ་ལྔ་ལ་སོན་པའི་དུས། །བོད་ཀྱི་བློན་ཆེན་མི་བཞི་ཡིས། །ཞོ་ཟོ་བ་གང་དང་བརྗེས་ལེ་ཡིན། །ཁ་སྣོན་ཁྲག་ཤ་བདུན་ཙམ་བརྒྱབ། །ཁ་ཤས་ཁེ་དེ་ཁེ་དེ་ཟེར། །ཁ་ཤས་ཕམ་དེ་ཕམ་དེ་ཟེར། །ཁེ་ཕམ་ཅི་ཡིན་མ་ཤེས་ཀྱང༌། །བོད་ཕྲུག་མི་ཆུང་དེ་ནས་བཏགས། །དེ་དུས་དབུས་ཀྱི་ཇོ་བོ་ལ། །གསེར་གསོལ་གསེར་ཀོང་མང་ཙམ་བརྒྱངས། །ཕྱག་དང་མཆོད་པ་དུ་མ་བྱས། །ཕོ་ལོ་བཅུ་གསུམ་སོན་པའི་དུས། །མདོ་ཁམས་གླིང་ལ་སླེབས་ལེ་ཡིན། །སེང་ཆེན་གེ་སར་གསོལ་དཔོན་བྱས། །ད་བར་སྐྱེས་བུའི་ཞབས་ཏོག་བསྒྲུབས། །ལས་ངན་བྱས་པ་ཅི་ཡང་མེད། །སྟག་རོང་དཔོན་པོ་ཁྲོ་ཐུང་ཁྱོད། །ཁྭ་ཏ་བྱ་ཡི་ཨོག་ཤོམ་ཅན། །མི་གཙང་སྐྱག་པ་ཁ་ལ་ཁུར། །མཁར་གསེར་ཁྲིའི་སྟེང་ལ་ཧམ་སྦྱོར་བརྒྱབ། །ད་རུང་ལྟ་བ་རི་ལས་མཐོ། །ཉོན་དང་གྱོད་ཀྱི་མཁན་པོ་ཁྱོད། །ཧོར་གླིང་གྱོད་རྩ་ཁྱོད་ཀྱིས་བཟོས།་་་་༌།ད་རུང་རིམ་བཞིན་བཤད་རྒྱུ་ཡོད། །ཨ་སྲུ་མགོ་དཀར་ལྷ་མོ་དེ། །མི་ཆུང་ང་ཡི་སྒོ་ཁར་བསྐྱལ། །གསོན་དུས་ལྟ་སྐྱོང་ང་ཡིས་བྱས། །ནད་རྩ་འཁྲུག་སྨན་བཅོས་ང་ཡིས་བྱས། །ན་རྒས་རྒན་གཡོག་ང་ཡིས་བྱས། །ཤི་སྐུ་གདུང་སྤུར་སྦྱངས་ང་ཡིས་བྱས། །ལས་དེ་ཚོ་བྱས་པའི་འབྲས་བུ་ལ། །ཉེས་མེད་ནག་འགེལ་ང་ལ་བྱས། །གཏམ་ངན་མི་ཁ་ང་ལ་གཡོགས། །དཔེ་བཞག་ན་འདྲ་མ་ཨེ་འདྲ་གདའ། །གཡག་མ་རྒྱུད་རྭ་ཅོ་མར་གྱིས་བརྒྱན། །དྲིན་མ་ཚོར་བདག་པོར་རྭ་རྡུང་འབུད། །ཟེར་བའི་གཏམ་དེ་བདེན་རབས་བྱུང༌། །གྱོད་རྩ་སྟག་རོང་ཁྱེད་ཀྱིས་བཙུགས། །དེ་རིང་གཏམ་གྱི་རྡོག་ཁ་ལ། །ཧོར་གླིང་ཁྲག་བཞིན་ཁྱོད་ཀྱིས་དཀྲུགས། །མི་འདོད་གཏམ་གྱི་ཞྭ་ཆེན་དེ། །མི་ཆུང་ང་ལ་གཡོག་དགོས་བསམ། །ངོ་ཚ་ལེ་ཨེ་ཤེས་ཁྲོ་ཐུང་དཔོན། །གླིང་རྒྱལ་བློན་བཅུ་གསུམ་ནང་བརྒྱུད་དུ། །གཏམ་ཧམ་པ་ཅི་ཡོད་ཁྱོད་ཀྱིས་བཤད། །ང་ཆུང་ཆུང་རེད་བསམ་ཟ་རྩིས་བྱེད། །སྐུ་འགྲན་མེད་གེ་སར་མངོན་ཤེས་མཁྱེན། །ཧོར་བདུད་གུར་དཀར་གཉའ་སྒ་བརྒྱབ། །ང་མི་ཆུང་གླིང་ལ་ཁྲིད་ནས་ཡོང༌། །
ཞེས་གླུ་དེ་ལྟར་བླངས་པ་དང༌། ཁྲོ་ཐུང་ཁོང་ཁྲོ་ལངས་ནས་ལག་པས་མི་ཆུང་གི་སྐྲ་བཟུང་ནས་མར་འཐེན། །མི་ཆུང་གིས་ཁྲོ་ཐུང་གི་དབུ་སྐྲ་འཐེན། ཐེངས་གཅིག་ལ་ཨ་ཁུ་ཐལ་བ་སྐྱ་སེང་ངེར་འགྲིལ། བློན་འདན་མ་དང་གཡུ་ལྷས་ཁྲོ་ཐུང་དང་མི་ཆུང་གཉིས་པོའི་བར་མིར་ཞུགས་ཏེ། ཁོང་གཉིས་པོ་ཁག་ཁག་སོ་སོར་རང་རང་གི་གནས་སུ་བྱོན། ཡང་མཐུ་མན་ངག་གཉིས་ཀྱི་བདག་པོ། སྟག་རོང་དཔོན་པོ་ཁྲོ་ཐུང་གིས་མཐུ་ཡི་གཏོར་མ་བོན་ནག་གློག་འཁྱུག་དེ་བསྒྲུབས་ནས་བསྡད་ཡོད་པ་དང༌། འབྲུ་དགའ་བདེ་ཆོས་སྐྱོང་བེར་ནག བོན་གསེར་པའི་དཀོན་མཆོག་འབྱུང་གནས། གླིང་སྤྱི་མཆོག་གི་བླ་མ་དར་འབུམ་གྱིས་ཀྱང་མཐུ་ཡི་གཏོར་མ་བསྒྲུབས་ནས་བསྡད་ཡོད་པའི་སྐབས་དེར། ཐེའུ་རངས་བླ་མས། གླིང་གི་སྒར་ལ་ས་ལོག་ཆུ་ལོག་རྒྱག་པའི་མཐུ་ཡི་གཏོར་མ་ཞིག་བསྒྲུབས་ནས་སྟོན་ཟླ་ར་བའི་ཚེས་དགུ་ཡི་ཉིན་མོ་འཐེན་ཤུགས་ཡོད་པའི་མཐུ་གཏོར་དེ་ལྷོ་ཆུ་སྔོན་མོའི་ནང་དུ་བཏབ་མ་ཐག་ལྷོ་ཆུ་སྔོན་མོར་རི་ཡི་གྲིབ་ནག་བྱུང་བས། ཁྲོ་ཐུང་གིས་གཏོར་མ་གནམ་ལྕགས་ཐོག་འབེབས་ལ་ཞྭ་ནག་གི་སྔགས་ཆས་སྤྲས་ཏེ་ལན་གཅིག་གཡུགས་པས། ཐེའུ་རངས་བླ་མའི་གཏོར་ཁ་བསྒྱུར་ནས་བྲག་དམར་སྲིན་པོ་གདོང་དམར་རུ་ཁྲོད་ཀྱི་བྲག་ལ་ཕོག་སྟེ་ཐེའུ་རངས་བླ་མའི་གནས་ཐལ་བ་བཞིན་དུ་གཏོར་ཞིང༌། ཁོ་པའི་མིག་ཡ་གཅིག་ལོང་བ་དང་རྐང་པ་ཡ་གཅིག་ཆག་ནས་རྔ་སིལ་སྙན་སོགས་ཐམས་ཅད་གཡུགས་ནས་བྲོས། ཁྲོ་ཐུང་གིས་རྗེས་སུ་སྙེགས་ནས་འགྲོ་སྐབས། ཕུ་ཡ་ན་ནགས་རི་ཆེན་པོ་ཞིག་གི་སྟེང་དུ་གླ་བ་སྡོད་པའི་ཁུང་བུ་གཅིག་འདུག་པ་དེའི་ནང་དུ་ཐེའུ་རངས་བླ་མས་ཕུག་རོན་ཞིག་ལ་སྤྲུལ་ནས་འཕུར་ལྡིང་ཡང་ཡང་བྱེད་བཞིན་འདུག་པས། ཁྲོ་ཐུང་གིས་བྱིའུ་ཞིག་ལ་སྤྲུལ་ནས་ཁུང་བུ་དེའི་འགྲམ་ན་སྤེར་མའི་ཤིང་ཕུང་ཞིག་ཡོད་པ་དེའི་སྣེ་ལ་བབས་ཏེ་མེ་ཏོག་སེར་པོ་རེ་གཉིས་འཐུ་བ་དང་མཉམ་དུ་ཅི་ཅི་ཟེར་སྐད་བརྒྱབ་པས། ཐེའུ་རངས་བླ་མའི་བསམ་པར། ད་བྱེལ་སྐད་ཅིག་བྱུང་བ་དེ་མི་ངན་ཁྲོ་ཐུང་མིན་ནམ་བསམས་ནས་གཤོག་པ་ལྷེབ་ཙམ་བྱས་ཏེ་ཁྲ་དར་མ་ཞིག་ལ་སྤྲུལ་ནས་བྱིའུ་དེ་དེད་ནས་སོང༌། དེ་ནས་གླིང་རྗེ་གེ་སར་རྒྱལ་པོ་དང་དགའ་བདེ་བཅས་མྱུར་དུ་ཡར་ཕེབས་པའི་དུས་ཐེའུ་རངས་བླ་མའི་མ་ཡུམ་ནུབ་བདུད་སྲིན་མོ་དམར་མོ་དེ་མགོ་དུང་ལས་དཀར་བ་དང༌། མིག་མཐིང་ལས་སྔོ་བ། ཁ་ལ་སོ་མུ་ཏིག་ཙམ་མེད་པར་ཡས་མཆུ་ལྕགས་ཀྱི་མཆེ་བ། མས་མཆུ་ཟངས་ཀྱི་མཆེ་བ། ནུ་མ་གཉིས་པོ་ཕྲག་པའི་གཡས་གཡོན་དུ་བརྒྱབ་ཅིང་ཨ་ཀྲད་ཀྱི་ཁུར་རྩ་གཅིག་ཁུར་ནས་ཡོང་བ་དང་ཐུག་པས་དགའ་བདེས་སྟོང་ཉིད་ཞགས་པ་འགུག་ཚོད་ལག་ཏུ་བཟུང་སྟེ། ཨ་མ། ལམ་ཕ་གི་གང་ན་འགྲོ་ས་རེད་ཅེས་མཛུབ་མོ་བཙུགས་པས། ཐེའུ་རངས་བླ་མའི་མ་དེས། ཡཱ་ནགས་རི་ཆེན་པོ་འདིར་ལམ་ག་ན་གདའ་ཟེར་བཞིན་ཕར་ལྟ་ཙམ་བྱས་པའི་དུས་དགའ་བདེས་ཞགས་པ་བརྒྱབ་སྟེ་ནུབ་བདུད་སྲིན་མོ་དམར་པོ་བཟུང་བ་དང༌། གེ་སར་སྟོབས་ཀྱི་རྒྱལ་པོས་སྲིན་མོ་དམར་མོ་དེར་སྤྲུལ་ནས་ཁྲས་བྱིའུ་འདེད་སར་བྱོན། ཁྲོ་ཐུང་གིས་གེ་སར་ཐེའུ་རངས་བླ་མའི་མ་ལ་སྤྲུལ་བ་ཤེས་ཏེ་བྱིའུ་ཐེའུ་རངས་མའི་ཐུ་བའི་ནང་དུ་འཕུར་སོང༌། མ་རྒན་དེས་ཁྲ་དང་བྱིའུ་གཉིས་བར་སྦ་འཁར་དེས་བར་མི་བྱས། ཐེའུ་རངས་བླ་མའི་བསམ་པར། ཡཱ་འདི་ངའི་མ་རྒན་དེ་མི་འདྲ། དགྲ་འདྲེ་གླིང་གི་ཇོ་རུ་ཡིན་འདུག་བསམས་ཏེ་ཁ་ཕར་གཅུས་ནས་ཤིང་བེར་རྡོ་ཞིག་གི་རྩར་ཤྭ་བ་ཡུ་མོ་གསུམ་ལ་སྤྲུལ་ནས་རྩྭ་བཟའ་ཆུ་འཐུང་བྱས། ཁྲོ་ཐུང་གིས་སྐད་ཅིག་ཉིད་དུ་ཤ་ཁྱི་མ་བུ་གསུམ་ལ་སྤྲུལ་ནས་ཤྭ་བ་གསུམ་པོ་དེ་དེད་ཕྱིན་པས། ཤྭ་བ་གསུམ་པོ་དེ་ཤིང་ཙན་དན་གྱི་སྡོང་པོ་ཁོག་རུལ་ཞིག་གི་ནང་དུ་འཛུལ། ཤ་ཁྱི་མ་བུ་གསུམ་གྱིས་བཀག་ནས་བསྡད་ཀྱང་གླིང་གི་རྒྱལ་བློན་རྣམས་དེར་མ་སླེབས། ཡུད་ཙམ་སོང་བ་དང་ཐེའུ་རངས་བླ་མས་སྟག་མ་བུ་གསུམ་ལ་སྤྲུལ་ཏེ་ཤ་ཁྱི་མ་བུ་གསུམ་པོ་དེ་ཁ་གཏོར་བཏང་ནས་སྟག་མ་བུ་གསུམ་ཤོར་སོང་བ་དང༌། རྒྱལ་བློན་དཔུང་དང་བཅས་པ་གཞི་ནས་དེར་བྱོན། ཁྲོ་ཐུང་གིས་ངས་དེ་རིང་དཀའ་ལས་འདི་ཙམ་བརྒྱབ། ཁྱོད་རྒྱལ་བློན་རྣམས་མྱུར་དུ་མི་ཡོང་བ་ཅི་ཡིན། ད་ང་ཨ་སྡུག་གྲོད་པ་ལྟོགས་ལུགས་ལ། ཞེ་གཏིང་ཁ་ཡི་སྐོམ་ལུགས་ལ། ཟེར་བ་སོགས་བྱས་ཡུད་མང་པོ་བཤད་དོ། །
གླིང་གི་དཔའ་རྟུལ་རྣམས་ཀྱིས་ལྷ་སྲས་དགྲ་ལྷའི་བཀའ་བཞིན་དམག་གི་རུ་འདྲེན་དང་པོ་ཤན་པ་དམར་པོ་དེས་དམག་འཕྲུ་དམར་ཅན་གྱི་ལས་དམག་ཁྲི་ལྔ་དང༌། རྟ་དམག་ཆིག་ཁྲི་དགུ་སྟོང་གིས་བསྐོར་ཏེ་ཨ་འབུམ་རྫ་བྲག་གོང་མའི་སྣེ་གཤགས་ཏེ་ཕྱིན་པ་དང༌། བྱང་གི་ཨ་བདག་ཀླུ་མོས་བདུད་དམག་མུན་པ་འཁྲིགས་འདྲ་ཞིག་བསྒྲིགས་ནས་ནམ་ལངས་པའི་ཁ་ཐུག་ལ་ཧོར་ཤན་པའི་རྗེས་སུ་འབྲངས་ནས་སོང༌། ཡང་སྒོས་གླིང་གི་དམག་དཔོན་རྣམས་ཀྱིས་རང་གི་སྒར་བསྒྲིགས་ནས་ཆུ་གཤགས་པ་ལྟར་ལྷོ་ཡི་ཡིད་མོ་ཐང་ཆེན་གྱི་ཕྱོགས་ལ་སོང་བས། ལྷོ་ཡི་ཡིད་མོ་ཐང་སྟོད་དུ་ཡོད་པའི་ལྷོ་སྒར་གི་དཔོན་དམག་མང་ཆེ་བ་སྟག་གུར་དང༌། གཟིག་གུར། དོམ་གུར་གྱི་ནང་དུ་ཟིང་ཟིང་ཡོམ་ཡོམ་བྱས་ནས་བསྡད་ཡོད་པའི་སྐབས་དེར། མོན་ཕྲུག་སྟོང་སྡེ་འོད་དཀར་དང་ཀླུ་བདུད་ནག་པོ་དེས་རྟ་ཕོ་རྒོད་རྐྱང་འཚུབ་ཤེས་ཀྱི་གོང་དུ་བུད་དེ་ཧོར་ཤན་པའི་གདོང་མྱུར་དུ་བཀག་སྟེ་གླུ་འདི་བླངས་པར་གདའོ། །
གླུ་ཨ་ལ་ཐ་ལ་ཐ་ལ་རེད། །ཐ་ལ་མོ་གླུ་ཡི་ལེན་ལུགས་རེད། །ཐེངས་གསུམ་ངག་གི་འགུགས་གླུ་རེད། །དུས་དེ་རིང་ལྷ་ཞིག་འབོད་ལེ་འདི། །ནམ་མཁའ་སྤྲིན་གྱི་གཞལ་ཡས་ནས། །དགའ་རབ་དབང་ཕྱུག་ཁ་འཛིན་མཛོད། །ས་འདི་ས་ངོ་མ་ཤེས་ན། །ལྷོ་ཡི་ཡིད་མོ་ཐང་སྟོད་རེད། །ཕོ་ང་འདྲ་ང་ངོ་མ་ཤེས་ན། ཀློ་མི་རྒོད་གཉིས་ཀྱི་དཔོན་པོ་དེ། །ང་ཕོ་རྒོད་ཀླུ་བདུད་ནག་པོ་ཡིན། །རྟ་མགྱོགས་པོ་རྒོད་རྐྱང་འཚུབ་ཤེས་འདི། །གནམ་ས་གཉིས་ལ་གྲགས་ལེ་ཡིན། །ཁོ་རེ་ཉོན་དང་ཕ་ཡི་བུ། །ཁྱོད་མི་དམར་རྟ་དམར་དམར་ལེབ་ཅན། །ཉིན་མོ་མིག་གིས་མ་མཐོང་དེ། །རྒྱང་རིང་རྣ་བས་གོ་ཚུལ་ལ། །ཁྱོད་ཡུལ་ཤོར་ཧོར་གྱི་ཤན་པ་འདྲ། །དེ་ཡིན་ན་རྒོད་པོ་ཕ་ཡི་བུ། །ཚེ་གཅིག་གི་དཔོན་པོ་གུར་དཀར་དེ། །གླིང་ཇོ་རུ་ནག་པོས་བཤས་རྭར་ཕབ། །ཐང་རྩེ་བུ་དང་ཤན་པ་གཉིས། །རང་ཡུལ་ཤོར་ནས་ལྷོ་ལ་ཡོང༌། །ཤི་ས་དུར་ཁྲོད་འཚོལ་བར་ཡོང༌། །ཁ་ཉིན་ཉི་མའི་སྔ་དྲོ་ལ། །ལྷོ་རྒྱལ་ཤིང་ཁྲི་རྒྱལ་པོ་ཡིས། །ཙན་དན་དམར་མོའི་མདུང་རྩེ་དེ། །ཐང་རྩེ་བུ་ཡི་བྲང་ལ་བསྣུན། །མི་མགོ་ནག་པོ་ཐང་ལ་གཡུགས། །དེ་ཨེ་ཤེས་རྒོད་པོ་ཕ་ཡི་བུ། །བྱ་སྔོན་མ་ཤི་བའི་རོ་ལ་ལྟོས། །རྗེས་མའི་འདབ་ཆགས་སྤང་ལ་ཟུག །དེ་རིང་ཉི་མའི་གདོང་གང་ལ། །ཧོར་གྱི་ཤན་པ་དམར་པོ་ཁྱོད། །རིན་ཆེན་སྲོག་དང་བྲལ་ལེ་རེད། །
ཅེས་ཟེར་ཏེ་ཀླུ་བདུད་ཀྱིས་ངར་ཆེ་བའི་དུག་མདའ་གཅིག་འཕངས་པས་ཤན་པའི་བྲང་ལ་ཐེབས་ཏེ་གསེར་གྱི་མེ་ལོང་གི་ཕུབ་དེ་ཁྲ་འཁྱིལ་ལེར་གཏོར་བ་མ་གཏོགས་ཤན་པ་རང་ལ་གནོད་མ་ཐུབ།  ཤན་པས་ལྕགས་རྒྱ་མ་བཅོ་བརྒྱད་ཀྱིས་བརྡུངས་པའི་གང་ཟག་སི་ལིང་ཉ་མགོ་མ་དེ་སོ་ཡིས་བཟུང༌། འབྲོང་ཀོ་ཁ་སྦྱར་ནས་བཟོས་པའི་ཐུ་ཁུག་དེ་ལག་གཡོན་པས་བཟུང་སྟེ་བཙན་དུག་གི་དུ་བ་ངར་མ་དེ་ཡར་འཐེན་མར་འཐུལ་བྱེད་པ་དང༌། འཐེན་ཆེན་རེ་བྱེད་དུས་ལུང་ཆེན་སྨུག་པ་འཁྲིགས། འཐེན་ཆུང་རེ་བྱེད་དུས་ལུང་ཆུང་སྨུག་པ་འཁྲིགས། དེ་ནས་གང་ཟག་དེ་སྐེད་པར་གཟེར། འབྲོང་ཀོའི་ཐ་ཁུག་ལུས་ལ་བཏགས་ནས་སྒ་སྔ་རུའི་སྟེང་ལ་ཡོབ་ལངས་ཤིག་བརྒྱབ། གཞུ་མཆོག་དཀར་སྟེང་ལ་མདའ་གཅིག་བཞག་སྟེ་ཁོའི་གཏམ་དེ་ལ་གཏམ་ལན་ཞིག་སྤྲིངས་དགོས་བསམས་ནས་ཤན་པས་གླུ་འདི་འདྲ་ཞིག་བླངས་སོ། །
གླུ་ཨ་ལ་ཐ་ལ་ཐ་ལ་རེད། །ཐ་ལ་མོ་གླུ་ཡི་ལེན་ལུགས་རེད། །ཐེངས་གསུམ་ངག་གི་འགུགས་གླུ་རེད། །དུས་དེ་རིང་ལྷ་ཞིག་འབོད་ལེ་འདི། །ལྷ་གནམ་ཐེལ་བར་ཐེལ་ས་ཐེལ་གསུམ། །ཐུགས་མ་གཡེངས་ཨ་ཕོའི་ཁ་འཛིན་མཛོད། །ས་འདི་ས་ངོ་མ་ཤེས་ན། །ལྷོ་ཡི་ཡིད་མོ་ཐང་སྟོད་རེད། །ཕོ་ང་འདྲ་ང་ངོ་མ་ཤེས་ན། །ང་ཨ་ཆེན་ཧོར་གྱི་རྒྱལ་ས་ཡི། །ཕུ་ལུང་རྡོ་རྗེའི་བྲག་སྟེང་ན། །མཛོ་མོ་རུ་རྫོང་མཁར་ནང་ནས། །ཕ་སྡིག་པ་རྭ་ཙའི་བུ་རྒྱུད་དེ། །ང་དཔའ་བཟང་ཤན་པ་རྨེ་རུ་ཡིན།་་་་༌།ང་ཕོ་བརྒྱ་ཞེད་པའི་ཤན་པ་ཡིན། །མོ་བརྒྱ་མཐུན་པའི་སྙིང་སྡུག་ཡིན། །རྒྱ་དཀར་ནག་གཉིས་ལ་གྲགས་ལེ་རེད། །ཁྱོད་སྡུག་པོ་ཨེ་ཤེས་མོན་ཕྲུག་གཉིས། །ཚེ་ཟད་པའི་མི་ལ་ནོར་ཡ་མེད། །གཏམ་མང་པོ་དཔེ་ལེན་དཔེ་བཤད་དེ། །ཁོ་ཤིང་ཁྲིའི་དཔའ་རྟགས་ཁྱེར་ཡོད་ཟེར། །ཐང་རྩེ་མཚོན་ལ་དྲངས་ཡོད་ཟེར། །ཁྱོད་ཀྱི་དཔའ་གཏམ་བཟང་ནས་གདའ། །སྐྱེས་པ་ཕོ་ཡི་དགྲ་ལན་དེ། །སྒུག་དང་རིམ་བཞིན་སོན་ནས་ཡོང༌། །བླ་མ་བཟང་པོའི་ཆོས་སྐོར་དེ། །སྒུག་དང་རིམ་བཞིན་ཤར་ནས་ཡོང༌། །ཁྲི་གདུགས་ཉི་མའི་འོད་ཟེར་གྱིས། །མུན་པ་རིམ་བཞིན་གསལ་ནས་ཡོང༌། །ཨེ་གདའ་ལྟད་མོ་ཁྱོད་ཀྱིས་ལྟོས། །ཁྱོད་རྟ་ཕོ་རྒོད་རྐྱང་འཚུབ་ཤེས་དེ། །བང་ཁ་རླུང་ལས་མགྱོགས་ཡོད་ཟེར། །ཀླུ་བདུད་ནག་པོའི་ཤན་དམར་ཁྱོད། །ཀློ་མི་རྒོད་གཉིས་ཀྱི་འགོ་འཛིན་ཟེར། །ཁྱོད་འདྲ་བའི་དཔའ་གཏམ་སྙན་པོ་མང༌། །ངས་དེ་རིང་ཉི་མའི་སྔ་དྲོ་ལ། །མཆོག་དཀར་གཞུ་ལ་མདའ་ཞིག་ཡོད། །གཞུ་མགོ་ལྷ་དང་བླ་མས་མཛད། །གཞུ་སྐེད་མ་དང་མཁའ་འགྲོས་མཛད། །གཞུ་མཇུག་ཆོས་སྐྱོང་སྲུང་མས་མཛད། །ཕྱག་བཟུང་ཀླུ་རྒྱལ་གཙུག་ནས་མཛད། །དེ་རིང་བདུད་ནག་ཁྱོད་ལ་འཕེན། །ཁྱོད་དགྲ་བོའི་སྙིང་ཁྲག་ཕབ་ལེ་ཡིན། །ཀླུ་བདུད་ཡིད་ལ་དེ་ལྟར་ཞོག །
ཅེས་ཟེར་ཏེ་ཤན་པས་མདའ་གཅིག་བརྫངས་པ་དང་མཉམ་དུ། ཀླུ་བདུད་ནག་པོ་དེ་རྟ་ཕོ་རྒོད་རྐྱང་འཚུབ་ཤེས་ཀྱི་སྟེང་ནས་ཡོབ་ལངས་གཅིག་བརྒྱབ་པ་དང་དུས་མཚུངས། སྒ་སྔ་རུ་ལ་ཐེབས་ཏེ་ཕྱི་རུ་གཏོར་བ་མ་གཏོགས་མི་རྟ་གཉིས་ལ་ཅི་ཡང་མ་གནོད། དེ་ནས་ཀླུ་བདུད་ནག་པོས་ཐེ་ཚོམ་མེད་པར་རྟ་ཕོ་རྒོད་རྐྱང་འཚུབ་ཤེས་ཀྱི་ཁ་རུ་སྤྲུག་བཞིན་ཤན་པའི་ལས་དམག་གི་ནང་དུ་མཆོང་ཡོང་བ་དང༌། ཤན་པས་ཀླུ་བདུད་གར་སོང་རྗེས་འདེད་བྱེད་སྐབས་མོན་ཕྲུག་སྟོང་སྡེ་འོད་དཀར་ཀླུ་བདུད་ཀྱི་དཔུང་སྣོན་དུ་བྱུང་བས་དཔའ་མོས་མྱུར་དུ་མོན་ཕྲུག་གི་གདོང་བཀག་སྟེ་གླུ་འདི་འདྲ་ཞིག་བླངས་སོ། །
གླུ་ཨ་ལ་ཐ་ལ་ཐ་ལ་རེད། །ཐ་ལ་མོ་གླུ་ཡི་ལེན་ལུགས་རེད། །ཐེངས་གསུམ་ངག་གི་འགུགས་གླུ་རེད། །སྐྱབས་དཀོན་མཆོག་གསུམ་ལ་གསོལ་བ་འདེབས། །བྱིན་རླབས་མ་ཆུང་ཐུགས་རྗེས་གཟིགས། །ས་འདི་དང་ས་ངོ་མ་ཤེས་ན། །ལྷོ་ཡི་ཡིད་མོ་ཐང་སྟོད་རེད། །ཉ་མོ་གསེར་ཟམ་ཚུར་མཐའ་རེད། །ང་འདྲ་ང་ངོ་མ་ཤེས་ན། །ཡར་ཁམས་བྱང་གི་རི་རྒྱལ་གྱི། །རྩྭ་ཀུ་ཤའི་ཨ་བདག་ཀླུ་མོ་ཡིན། །མཁའ་འགྲོ་འབུམ་གྱི་ནང་རོལ་ནས། །སེང་གདོང་མ་ཡི་སྤྲུལ་པ་ཡིན། །གླུ་འདི་གླུ་ངོ་མ་ཤེས་ན། །མཁའ་འགྲོའི་གདམ་ངག་དྲུག་འགྱུར་རེད། །མོན་ཕྲུག་སྟོང་སྡེ་འོད་དཀར་ཁྱོད། །ཕོ་རྒོད་པོ་ཞིག་དང་མ་ཐུག་ལུས། །མཚོན་ངར་མ་ཞིག་དང་མ་འཕྲད་ལུས། །སྔར་ནས་ད་བར་ལུས་ནས་གདའ། །དེ་རིང་ཉི་མའི་གདོང་གང་ལ། །ཁྱོད་མོན་ཕྲུག་ཆམ་ལ་མ་ཕབ་ན། །ང་བྱང་གི་དཔའ་མོ་ཐོགས་ལེ་མིན། །གཞུ་མཆོག་དཀར་སྟེང་ལ་མདའ་ཞིག་ཡོད། །མདའ་ཁ་དུང་ལས་གྲུབ་ལེ་འདི། །ལྷ་ཆེན་ཚངས་པའི་བླ་མདའ་ཡིན། །མདའ་སྐེད་གསེར་ལས་གྲུབ་ལེ་འདི། །གཉན་སྐུ་ལྷ་གེར་མཛོའི་བླ་མདའ་ཡིན། །མདའ་རྩེ་གཡུ་ལས་གྲུབ་ལེ་འདི། །ཀླུ་རྒྱལ་གཙུག་ནའི་བླ་མདའ་ཡིན། །མདེལ་སྔོན་ལྕགས་ལས་གྲུབ་ལེ་འདི། །ཆོས་སྐྱོང་མགོན་པོའི་བླ་ལྕགས་རེད། །མདའ་སྒྲོ་གྲོ་དཀར་བརྒྱན་ལེ་འདི། །མ་མཁའ་འགྲོ་འབུམ་གྱི་ཚེ་མདའ་རེད། །དེ་རིང་མོན་ཕྲུག་ཁྱོད་ལ་འཕེན། །ཁྱོད་སོར་གང་ཕན་ལ་མ་བྲོས་ཤིག །
ཅེས་ཟེར་ཞིང་དཔའ་མོས་མདའ་ལན་གཅིག་སྤྲིངས་པས་ཁོའི་བྲང་ནུ་མ་གཉིས་ཀྱི་མཚམས་སུ་ཐེབས་ཀྱང་གནོད་ཆེ་བ་མ་བྱུང་བས་ཁོས་རྟ་ཁ་གཅུས་ཏེ་སྒར་དཀྱིལ་དུ་ཤོར་སོང༌།
དམག་འཐབ་དེ་ལྟ་བུའི་སྐབས་སུ། ལྷོ་རྒྱལ་ཤིང་ཁྲི་རྒྱལ་པོ་དེ་གསེར་ཁྲིའི་སྟེང་དུ་གནས་མ་ཐུབ་པར་མཁར་རྩེར་བྱ་ར་ཡང་ཡང་བྱས་པས། ཡིད་མོ་ཐང་དུ་གླིང་གི་སྟོབས་ཆེན་སྒར་དམག་བབས་ཡོད་པ་མཐོང་སྟེ། ལུས་ཀྱི་བ་སྤུ་ཡང་སིག་སིག་ཏུ་འདར་བཞིན་འདུ་རྭ་ཁྱུང་རྫོང་གོང་མར་ཡོང་ནས་ནང་བློན་རྣམས་ཤ་ཆང་ལ་ལོངས་སྤྱོད་པའི་སྐབས་དེར་གླུ་འདི་འདྲ་ཞིག་བླངས་སོ། །
གླུ་ཨ་ལ་ཐ་ལ་ཐ་ལ་རེད། །ཐ་ལ་མོ་གླུ་ཡི་ལེན་ལུགས་རེད། །ཐེངས་གསུམ་ངག་གི་འགུགས་གླུ་རེད། །དུས་དེ་རིང་ལྷ་ཞིག་འབོད་ལེ་འདི། །ནམ་མཁའ་སྤྲིན་གྱི་གཞལ་ཡས་ནས། །ལྷ་ཆེན་དགའ་རབ་དབང་ཕྱུག་མཁྱེན། །བར་སྣང་སྟོང་པའི་ཁྲི་སྟེང་ནས། །སྲོག་སྐྱབས་རལ་པ་རྩེ་དགུ་མཁྱེན། །མཁྱེན་གཟིགས་ཨ་ཕོའི་གླུ་སྣ་དྲོངས། །ས་འདི་ས་ངོ་མ་ཤེས་ན། །ལྷོ་སྟོང་རི་འཁོར་གྱི་གནམ་རྫོང་རེད། །རྫོང་བཙན་པོ་འདི་ཡི་ནང་བཅུད་ལ། །ལྷོ་རྒྱལ་ཤིང་ཁྲི་རྒྱལ་པོ་ཡི། །རྒྱལ་རབས་བཞི་བཅུ་ཞེ་དགུ་རིང༌། །དགྲ་འདྲེ་འདི་འདྲ་བྱུང་མྱོང་མེད། །དེ་རིང་ཇོ་རུའི་ལས་དམག་གིས། །ལྷོ་མོན་ཤུལ་མེད་བཟོ་ལེ་གདའ། །ཡིན་ཀྱང་འགྱོད་རྒྱུ་ཅི་ལ་ཡོད། །སྔོན་མའི་ཚེ་ཡི་བསྐོས་ཐང་རེད། །གནའ་མིའི་གཏམ་ལ་འདི་འདྲ་ཡོང༌། །སྤྱང་ཀི་སྔོན་མོས་རི་རྩེ་འགྲིམས། །ལ་དགུ་ཀླུང་དགུ་མང་པོ་བརྒྱབ། །དཀའ་ངལ་ཤེས་ཀྱང་བསྐོས་ཐང་རེད།་་་་༌།དགྲ་འདྲེ་གླིང་གི་ཇོ་རུ་ཁོས། །ལྷོ་མོན་ཤུལ་མེད་བཟོ་བའི་དུས། །ད་འདི་འདྲ་འདུག་ཐབས་ཅི་ལ་ཡོད། །ལྷོ་དུང་སྐྱོང་སྟག་ལྷ་ཁྲི་དཀར་ཁྱོད། །དེ་འདྲ་མ་སྡོད་ཕ་ཡི་བུ། །འཕྲུ་དཀར་ལས་དམག་དགུ་ཁྲི་སྒྲིགས། །རྟ་དམག་ཆིག་ཁྲི་དགུ་སྟོང་བསྐོར། །ཤར་གྱི་སྟག་མོ་རུ་ཁྲ་བཟུང༌། །ཁུ་བྱུག་རྫོང་ཡང་མི་ཤོར་དགོས། །མོན་ཕྲུག་གཡུ་འབྲུག་དཔའ་རྒྱལ་ཁྱོད། །འཕྲུ་སྔོན་ལས་དམག་དགུ་ཁྲི་སྡུས། །རྟ་དམག་ཆིག་ཁྲི་དགུ་སྟོང་བསྐོར། །ལྷོ་ཡི་གཡུ་འབྲུག་འགྱིང་རྫོང་བཟུང༌། །དགྲ་བོ་ནང་ལ་མ་ཤོར་དགོས། །ལྷོ་ཡི་སྨུག་ཆུང་སྒུར་རུ་གཅིག །ལྷོ་ཡི་ཨ་ཆུང་སྟག་རྔམ་གཉིས། །དམག་འཕྲུ་སྔོན་ཅན་དང་འཕྲུ་ཁྲ་ཅན། །ཁྲི་དམག་དགུ་ཡི་ལས་དམག་སྒྲིགས། །རྟ་དམག་ཆིག་ཁྲི་དགུ་སྟོང་བསྐོར། །ནུབ་ཀྱི་རྨ་བྱ་ཁྲི་རྫོང་བཟུང༌། །ཁ་དབང་རྡོ་རྗེ་དབང་གྲགས་ཁྱོད། །མི་རྒན་གཉིས་ཀྱི་དཔུང་རོགས་གྱིས། །རྟགས་མ་འདི་ཡིན་ཟེར་ལེ་ཞིག །དཔའ་བོ་རྣམས་ཀྱིས་ཁས་ལེན་གྱིས། །ཁྲི་རྒོད་བུ་ཡི་དཔུང་རིང་གཅིག །མདའ་རྒོད་ཐོག་སེར་དཔའ་བོ་གཉིས། །དམག་འཕྲུ་ནག་ཅན་དང་འཕྲུ་སྔོན་གྱི། །ཁྲི་དམག་དགུ་ཡི་ལས་དམག་སྒྲིགས། །རྟ་དམག་ཆིག་ཁྲི་དགུ་སྟོང་བསྐོར། །བྱང་གི་སྟག་ཆེན་རུ་རྫོང་བཟུང༌། །དགྲ་བོ་ནང་མ་མ་ཤོར་དགོས། །མི་ཤེད་ཆེན་ཨ་ནུ་གཡུ་དཔོན་གཅིག།སྟོང་སྡེ་བུ་ཡི་ངོ་ལུག་གཉིས། །ཤེད་ཆེན་ནམ་མཁའ་དགྲ་འདུལ་གསུམ། །འབུམ་དམག་ལྔ་ཡི་ལས་དམག་སྒྲིགས། །ཤེལ་གྱི་རྟ་རྭ་འབུམ་མཛོད་བཟུང༌། །རྩལ་ཆེན་བརྒྱ་ཡི་རྡོ་ར་སྤུངས། །ཤེད་ཆེན་བརྒྱ་ཡི་དཔུང་པ་ངོམ། །མདའ་ཆེན་བརྒྱ་ཡི་མཐེབ་རྩ་ངོམ། །དགྲ་ཤ་པ་ཡོང་བར་དོགས་ཟོན་བྱེད། །ནམ་ཉིན་མཚན་མེད་པར་རྫོང་བཙན་བསྐོར། །ཤིང་ཁྲི་སྟོབས་ཀྱི་རྒྱལ་པོ་ང༌། །གནས་སྐབས་མཁར་གྱི་རྩེ་ལ་འདུག །ལྷ་ཆེན་དགའ་རབ་དབང་ཕྱུག་ལ། །མི་ཁྲག་རྟ་ཁྲག་ཁྱི་ཁྲག་གསུམ། །ཁྲག་ཆེན་གསུམ་གྱི་མཆོད་པ་འབུལ། །སྲིན་པོ་གདོང་དམར་རུ་ཁྲོད་ཀྱི། །ཐེའུ་རངས་བླ་མ་རྐང་གཅིག་དེ། །དགྲ་འདྲེ་གླིང་རུའི་ལག་ལ་ཤོར། །ཤོར་ནས་ཆག་སྒོ་བསླངས་ནས་བྱུང༌། །བླ་མ་མེད་པའི་ཚུན་ཆོད་ནས། །ལྷོ་ཡི་བྱ་བ་སྒྲུབ་ལེ་དཀའ། །འོན་ཀྱང་ད་རུང་ཐབས་ཤིག་བྱེད། །ཇ་ཡུལ་བསྟན་པ་བཤེས་གཉེན་ཁྱོད། །བློན་ཆེན་ཨ་བྲག་བཅུ་གསུམ་བསྐོར། །སྟོང་དམག་ལྔ་ཡི་ལས་དམག་སྒྲིགས། །དྲེའུ་དགུ་བརྒྱ་རྩ་བཞི་ལ། །གྲངས་མེད་ནོར་བུའི་འགེལ་ཁ་སྤྲོད། །མ་སྡོད་ནག་པོ་རྒྱ་ལ་སོང༌། །རྒྱ་ཆེན་དཔོན་ལ་མགོ་འབུལ་ཞུས། །ཐ་མ་རྒྱ་སྡེ་མོན་ལ་ཕོབས། །ཤར་པ་གླིང་རུའི་ལས་དམག་འདི། །ཤུལ་མེད་བཟོ་བའི་འདུན་མ་ཡོད། །བློན་པོའི་ཡིད་ལ་དེ་ལྟར་ཞོག །
ཅེས་ཤིང་ཁྲི་རྒྱལ་པོས་དམག་བཀོད་ཀྱི་ལོ་རྒྱུས་རྣམས་གསུངས་ཚར་བའི་རྗེས་སྲས་མོ་མེ་ཏོག་ལྷ་མཛེས་དང་མོན་བཟའ་ཁྲི་གཤོག་མའུ་གཉིས་ཀྱིས་གཙོས་པའི་ཞལ་ཏ་མ་བཅོ་བརྒྱད་ཀྱིས་གསེར་རྐྱན་ནང་ནས་ཆང་དང༌། དངུལ་རྐྱན་ནང་ནས་ཇ། དུང་རྐྱན་ནང་ནས་ཞོ་དང་འོ་མ་བཅས་དྲངས་ཏེ། གླིང་དཀར་པོར་མགོ་འབུལ་ཞུས་ན་དགའ་ཟེར་ནས་མེ་ཏོག་གིས་གླུ་འདི་འདྲ་ཞིག་ཕུལ་ལོ། །
གླུ་ཨ་ལ་ཐ་ལ་ཐ་ལ་རེད། །ཐ་ལ་མོ་གླུ་ཡི་ལེན་ལུགས་རེད། །གླུ་ཐེངས་གསུམ་ངག་གི་འགུགས་གླུ་རེད། །དུས་དེ་རིང་ལྷ་ཞིག་འབོད་ལེ་འདི། །གནས་འོ་མ་ཅན་གྱི་ཕོ་བྲང་ནས། །མ་མཁའ་སྤྱོད་ལྷ་མོས་ཁ་འཛིན་མཛོད། །མཁའ་འགྲོ་བྱེ་བ་འབུམ་གྱིས་བསྐོར། །དེ་རིང་བུ་མོའི་ཇུས་ལ་གཟིགས། །གནས་བདེ་ཆེན་ཆོས་སྐུའི་ཞིང་ཁམས་ནས། །ལྷ་ཆོས་སྐུ་མགོན་པོ་འོད་དཔག་མེད། །ཐུགས་ཡེ་ཤེས་ཅན་གྱིས་གྲོགས་ལ་གཟིགས། །ཤར་གཡུ་ལོ་བཀོད་པའི་ཞིང་ཁམས་ནས། །འོ་མ་ཅན་གྱི་ཕོ་བྲང་ནས། །མཐོ་གསེར་ལོ་བརྩེགས་པའི་ཁྲི་སྟེང་ནས། །མ་རྗེ་བཙུན་སྒྲོལ་མ་དཀར་སྔོན་རྣམས། །དུས་དེ་རིང་མཁའ་འགྲོའི་གྲོགས་ལ་བྱོན། །ལྷ་དེ་འདྲ་ཡན་ལ་འབོད་པ་མེད། །ས་འདི་ཡི་ས་ངོ་མ་ཤེས་ན། །ཕོ་བྲང་སྟོང་རི་གནམ་རྫོང་རེད། །འདུ་རྭ་ཁྱུང་རྫོང་གོང་མ་རེད། །ནང་བློན་དཔའ་བོ་དཔུང་དང་བཅས། །ཨ་བྲག་དྲུག་ཅུའི་གདན་ས་རེད། །ཟ་འོག་དགུ་ཡི་ཁྲི་སྟེང་ནས། །ཡབ་ཆེན་ཤིང་ཁྲི་རྒྱལ་པོ་ཁྱེད། །ཚེས་བཅོ་ལྔའི་དུང་ཟླ་ཤར་འདྲ་བཞུགས། །སྨན་ང་འདྲ་རྩ་བ་བཤད་པས་ན། །ལྷོ་ཡི་རྒྱལ་པོའི་སྲས་མོ་ཡིན། །རྒྱ་ལྕམ་མེ་ཏོག་ལྷ་མཛེས་ཟེར། །གླུ་འདི་གླུ་ངོ་མ་ཤེས་ན། །ང་མེ་ཏོག་བུ་མོའི་དྲུག་འགྱུར་ཡིན། །ས་ག་མ་ཡུལ་ལ་མི་ལེན་ཏེ། །དེ་རིང་མི་ལེན་ཀ་མེད་རེད། །ཡབ་ཆེན་རྒྱལ་བློན་དཔུང་དང་བཅས། །མོན་གླིང་འཁྲུགས་ནས་ལོ་གསུམ་ནང༌། །གླིང་དཀར་ལས་དམག་སྔར་ལས་བརྗིད། །མོན་གྱི་ལས་དམག་ཉིན་བཞིན་ཉམས། །ད་གླིང་ལ་འགྲན་ཡ་ཆོག་ལེ་མེད། །དཔེ་བཞག་ན་འདྲ་མ་འདི་འདྲ་གདའ། །གནམ་ཨ་སྔོན་ལག་པས་ཟིན་ལེ་མིན། །སྙོབ་ཆེ་ན་མཁལ་མའི་རྩ་ཐག་ཆད། །ཆབ་ཆུ་བོ་སྦར་གྱིས་ཟིན་ལེ་མིན། །ཆབ་ཆུ་ཆེན་མུ་མཐུད་འབབ་ལེ་རེད། །ས་སྦར་བ་གང་གིས་འགོག་ལེ་མིན། །ཉ་གསེར་མིག་ཆུ་ནང་གཤོག་རྩལ་རྒྱས། །སྐྱིད་ཆུ་མོའི་ནང་དུ་འདུག་བསམས་ཀྱང༌། །ཆུ་རྦ་རླབས་རླུང་གིས་གཡོས་པའི་དུས། །ཉ་གསེར་མིག་མཐའ་མ་སྐམ་སར་འདོན། །ལྷོ་སྟོབས་ཀྱི་རྒྱལ་པོ་ཤིང་ཁྲི་དཔོན། །དགྲ་དཔུང་ཡ་གླིང་དཀར་ཚད་ཐབས་མེད། །སྡོད་མི་ཚུགས་གླིང་ལ་འགྲན་ཡ་བྱས། །དུས་མཐའ་མ་མོན་གྱི་རྒྱལ་གཞིས་ཤོར། །ཡབ་རྒྱལ་པོ་སྐུ་ཚེ་འབེན་ལ་བཙུགས། །ཆག་སྒོ་ཡོང་བ་གསལ་ལེ་གདའ།་་་་༌།མོན་གླིང་ཆིངས་འགྲིག་ཡོང་ལེ་གཅིག །ཡབ་ཤིང་ཁྲི་ཚེ་ཐར་ཡོང་ལེ་གཉིས། །མོན་སྡེ་བདེ་དབང་ཐོབ་ལེ་གསུམ། །དོན་དེ་གསུམ་ཁྱེད་ལ་ཨེ་ཕན་བསམ། །ཨེ་རེད་ཡབ་རྒྱལ་བློན་པོ་རྣམས། །གཏམ་མང་པོ་བཤད་ནས་ཅི་ལ་ཕན།་་་་༌།སྟོབས་འགྲན་མེད་གེ་སར་རྒྱལ་པོ་དེ། །ཕྱི་མི་འགྱུར་དགྲ་ལྷའི་གོ་མཚོན་བསྐོར། །སྐུ་འཇའ་འོད་སྤུངས་སེ་གཟི་མདངས་རྒྱས། །ཕྱི་རྒྱལ་ཁག་མང་པོ་དབང་དུ་འདུས། །ནང་དགོངས་པ་བྱང་ཆུབ་སེམས་དཔའ་རེད། །ཆོས་སྙིང་རྗེ་ཆེ་བའི་བླ་མ་རེད། །བྱང་ཆུབ་སེམས་པས་འགྲོ་དོན་མཛད། །ཐུགས་བྱམས་སེམས་བསྒོམས་ནས་བཞུགས་ལེ་རེད། །འོན་ཀྱང་ཡབ་ཆེན་རྒྱལ་པོ་ཁྱེད། །བུ་མོའི་གཏམ་དེ་མ་ཉན་ན། །ཆག་སྒོ་ཡོང་བ་ལག་པའི་མཐིལ། །མཐའ་མ་རྫོང་ཆེན་དམག་གིས་བསྐོར། །རུ་ཤོག་ལས་དམག་ཤུལ་མེད་བཟོ། །མོན་ཡུལ་མཐའ་མ་རོ་ཡིས་གང༌། །སེམས་སྐྱོ་མོ་ཡོང་ལེ་ལག་པའི་མཐིལ། །དེ་ཚོ་ཡབ་ཆེན་དགོངས་པ་བཞེས། །གླུ་གོ་ན་རྣ་བའི་དཀྱིལ་ལ་ཞོག །མ་གོ་གླུ་ལ་སྐྱོར་རྒྱུ་མེད། །
ཅེས་གླུ་དེ་ལྟར་ཕུལ་བས། ཁོང་རྒྱལ་བློན་རྣམས་ཅི་ཡང་མི་སྨྲ་བར་ཕར་ལྟ་ཚུར་ལྟ་བྱེད་པ་དང༌། ལྷག་པར་ཤིང་ཁྲི་སྟོབས་ཀྱི་རྒྱལ་པོ་དེ་ཞལ་རས་ནག་པོར་སོང་ནས་ན་རེ། ངེད་མཐའ་བཞི་དམག་གིས་བསྐོར། །ད་ཆག་སྒོ་བྱུང་རུང་འགྱོད་རྒྱུ་ལར་ནས་མེད། ལོ་ངོ་གསུམ་ཙམ་འཁྲུགས་པས་ད་མོན་གླིང་ཆིངས་འགྲིག་པ་ཡོང་ལེ་མིན། །ཁོ་ལྟས་ངན་ཇོ་རུ་འགོག་ཚ་ལ་སྲོག་སྐྱབས་ཞུ་བ་ལས། ང་ཤིང་ཁྲི་རིན་ཆེན་སྲོག་དང་བྲལ་ན་དགའ་ཟེར་ནས་ལག་གཡས་པའི་ཁུ་ཚུར་བྲང་ཁོག་ལ་རྔ་རྡུང་རྡུང་བྱས་ནས་བསྡད་པར་གདའ་འོ། །
ཉི་མ་དེ་ཡི་ཚུར་ནང་དམག་དཔོན་འཇང་ཕྲུག་གཡུ་ལྷ་ཐོག་སྒྱུར་དེ་དམག་འཕྲུ་སྔོན་ཅན་ལ་ཁྲི་ལྔ་དང༌། རྟ་དམག་ཆིག་ཁྲི་དགུ་སྟོང་གིས་བསྐོར་ནས་ལྷོ་ཡི་གཡུ་འབྲུག་འགྱིང་རྫོང་ལེན་པར་བཤར་ཡོང་བ་དང༌། རྫོང་དེའི་མདའ་རྒྱང་གཅིག་ཙམ་གྱི་སར་འབྱོར་སྐབས་མོན་བུ་གཡུ་འབྲུག་དཔའ་རྒྱལ་གྱིས་མཐོང་ནས་ཁོའི་བསམ་པར། དམག་དཔོན་དེར་བལྟས་ན་ཁོ་དེ་སྔ་སྨུག་པོ་འཇང་གི་ས་ཆར་ངས་རྟ་གནམ་ཡག་བཙོངས་པའི་ཚོང་ཤག་དེ་འདྲ། ངས་དམག་དཔོན་ཁོང་ལ་མགོ་འབུལ་ཞུས་ན་བཟང་ངམ་བསམ་སྟེ་བྲེལ་འཚུབ་ངང་གསེར་གྱི་མདའ་མ་མདུང་རྩེར་དར་དཀར་པོ་ཞིག་བཏགས་ནས་ཤར་ངོས་ཀྱི་ཁྲ་མའི་ནང་ནས་བརྐྱངས་ཏེ་མགོ་འབུལ་ཞུ་བའི་གླུ་འདི་འདྲ་ཞིག་ཕུལ་ལོ། །
གླུ་ཨ་ལ་ཐ་ལ་ཐ་ལ་རེད། །ཐ་ལ་མོ་གླུ་ཡི་ལེན་ལུགས་རེད། །ཐེངས་གསུམ་ངག་གི་འགུགས་གླུ་རེད། །ཞིང་སྐྱོང་ཚངས་པ་གདོང་བཞི་མཁྱེན། །སྲོག་སྐྱབས་རལ་པ་རྩེ་དགུ་མཁྱེན། །མཁྱེན་གཟིགས་ཨ་ཕོའི་གླུ་སྣ་དྲོངས། །ས་འདི་ས་ངོ་མ་ཤེས་ན། །ལྷོ་ཡི་གཡུ་འབྲུག་འགྱིང་རྫོང་ཟེར། །ཕོ་ང་འདྲ་ང་ངོ་མ་ཤེས་ན། །ང་མོན་བུ་གཡུ་འབྲུག་དཔའ་རྒྱལ་ཟེར། །ད་ལོ་གནམ་ལོ་འདི་གསར་དུས། །ཕོ་ལོ་སུམ་ཅུ་སོ་བདུན་ཡིན། །འདིར་བྱོན་དཔའ་བོ་ང་ལ་གསོན། །ཁྱོད་གཡུ་འབྲུག་མཚོ་ནས་ལངས་འདྲ་དེ། །དམག་དཔོན་གཡུ་ལྷ་མ་རེད་གཤིས། །ཡིན་ན་མོན་བུའི་གླུ་ལ་གསོན། །མོན་གྱི་ཇུས་དེ་སྔར་ནས་ཤོར། །ཆག་སྒོ་ཡོང་ལེ་སྔར་ནས་ཤེས། །འོན་ཏེ་དམག་དཔོན་གཡུ་ལྷ་གསོན། །སྔ་མོ་སྔར་གྱི་དུས་ཚོད་ལ། །རྟ་མགྱོགས་པ་གནམ་ཡག་སྔོན་མོ་དེ། །དཔའ་གཡུ་ལྷ་ཁྱེད་ལ་བཙོངས་ལེ་ཡིན། །ཚོང་ལན་གཅིག་བརྒྱབ་པའི་ཤག་པོ་ཡིན། །དུས་དེ་རིང་ཉི་མའི་གདོང་གང་ལ། །ང་མགོ་འབུལ་ལུས་འབུལ་ཞུ་ལེ་ཡིན། །ཐུགས་གཡེང་མེད་གསོན་དང་གཡུ་ལྷ་དཔོན། །དགྲ་ལག་ཏུ་ཚུད་ན་མ་ལས་བྱམས། །ཟེར་བ་འཇིག་རྟེན་ཁ་དཔེར་ཡོད། །མོན་བུ་གཡུ་འབྲུག་དཔའ་རྒྱལ་ངར། །རྟ་དམག་ཆིག་ཁྲི་དགུ་སྟོང་ཡོད། །རྐང་དམག་ཁྲི་དམག་དགུ་ཙམ་ཡོད། །དེ་དག་གཅིག་ཏུ་མགོ་འབུལ་ཞུ། །མི་གཅིག་ཐང་ལ་མ་བཏབ་ལེའི། །སྐྱབས་དཔའ་བོ་ཁྱེད་ཀྱིས་མཛད་པར་ཞུ། །ཁྱེད་དཔའ་བོའི་ཐུགས་ལ་དེ་ལྟར་ཞོག །
ཅེས་ཞུས་པ་དང་གཡུ་ལྷ་ན་རེ། ཡཱ་ཁོ་རེ་མོན་བུ་གཡུ་འབྲུག་དཔའ་རྒྱལ་ཁྱོད། རྟ་གནམ་གཡག་སྔོན་མོའི་ཚོང་ཤག་ཡིན། ཚོང་ལན་གཅིག་བརྒྱབ་པའི་ཤག་པོ་ཡིན། མོན་གླིང་ཐོག་མར་འཁྲུག་པའི་དུས། གཏམ་དེ་འདྲ་མེད་ལེ་ཅི་འདྲ་རེད། འུ་ཐུག་མི་ལ་ནོར་ས་མེད། འུ་ཐུག་སྐྱབས་འཇུག་ཕྱི་ལེ་རེད་ཟེར།
མོན་བུ་དགའ་སྐྱིད་ཡིད་དུ་འཛོམས་ཤིང་མོན་བུའི་དམག་ཁྲི་དགུ་དང་རྟ་དམག་ཆིག་སྟོང་རྫོང་ཆེན་གྱི་སྒོ་རྩར་རུ་བཅོ་བརྒྱད་བསྒྲིགས་ཏེ་དར་དཀར་པོ་ཁ་བ་བབ་པ་ལྟར་འཕྱར་བ་དང༌། ལྷ་བསངས་དཀར་པོ་སྤྲིན་ཕུང་འདྲ་བ་ཞིག་བཏང་ནས་མགོ་འབུལ་ཞུ་སྐབས་དཔའ་བོ་གཡུ་ལྷ་ཐོག་སྒྱུར་དཔོན་འཁོར་གྱིས་ལྷོ་རྫོང་བཟུང་སྟེ་མཁར་གྱི་རྩེ་ལ་སེངྒེ་སྔོན་པོའི་དམག་དར་ཁྲ་འཁྱིལ་ལེར་བཙུགས། ལྷ་བསངས་དཀར་པོ་སྤྲིན་དཀར་འདྲ་བ་ཞིག་བཏང་བས་གླིང་གི་དམག་དཔོན་ཐམས་ཐད་ཀྱིས་ཡཱ་དཔའ་བོ་གཡུ་ལྷས་དགྲ་མགོ་བླངས་ཟིན་འདུག་པས་ང་རང་རྣམས་ཀྱང་མྱུར་དུ་འགྲོ་དགོས་ཟེར་ཏེ་དཔའ་མཆོངས་འདོད་ངར་སྒྲ་ལིང་སེ། ལག་རོགས་འགྲོ་འདོད་དཔུང་པ་འཕུར་སེ། རྟ་རྒྱུགས་འདོད་སྣ་ཁྲ་ཤིག་སེའི་ངང་དཔའ་རྟུལ་རྣམས་གཅིག་ཤོར་གཉིས་ཤོར་གྱིས་མཆོངས་སོང་བ་དང་ལྷ་སྲས་དགྲ་ལྷ་དཔོན་འཁོར་རྣམས་ཀྱིས་རྨ་བྱ་ཁྲི་རྫོང་ལེན་པར་བྱོན།
གླིང་གི་དམག་དཔོན་ལྷ་སྲས་དགྲ་ལྷ་དང༌། ཚ་ཞང་འདན་མ། འཇང་འབྲུག་གཡུ་ལྷ། ཤན་པ་དམར་པོས་གཙོས་པའི་གླིང་དམག་རྣམས་ཀྱིས་ཤར་ལྷོ་ནུབ་བྱང་གི་རྫོང་ཆེན་བཞི་བླངས་ཏེ་དམག་བཀོད་ལྟར། ལ་མོར་ལྷོ་རྒྱལ་ཤིང་ཁྲིའི་རྫོང་ཆེན་ལེན་པར་ཡོང་བ་དང༌། རྫོང་ཆེན་སྟོང་རི་གནམ་རྫོང་གི་སྒོ་མོ་ཆེ་གཉིས་ཙམ་གཏོར་སོང་བའི་སྐབས། མོན་ཕྲུག་བློན་ཆེན་འཇིགས་མེད་དང༌། མོན་ཕྲུག་སྟག་གོང་དཔའ་རྩལ་གཉིས་ཀྱིས་མཚོན་ཆ་སྣ་ཚོགས་ཁྱེར་ཏེ་གླིང་གི་ལས་དམག་ནང་དུ་ཤོར་ཡོང་ནས་ལན་ཅིག་དཀྲུགས་པས་གླིང་གི་མི་རྟ་མང་པོ་ཐང་ལ་བཏབ། བཀའ་བློན་འདན་མ་ངར་རྒོད་གཏིང་ནས་ལངས་ཏེ་ལྷོ་ཡི་བློན་ཆེན་གཉིས་ལ་མདའ་རེ་རེ་འཕངས་པས་མདའ་རྨས་ཆེ་ཙམ་རེ་བཟོས་ནས་རྫོང་བཙན་གྱི་ནང་དུ་བྲོས།
དུས་དེ་ཙམ་ན་ཤིང་ཁྲི་ནམ་མཁའ་རྒྱལ་མཚན་དང༌། ཡུམ་ཟླ་བ་མཛེས་ལྡན། སྲས་མོ་མེ་ཏོག་ལྷ་མཛེས་བཅས་ཅི་བྱེད་མེད་པར་མཁར་གྱི་རྩེར་བྱོན་ནས་ཕར་རྒྱུག་ཚུར་རྒྱུག་བྱེད་བཞིན་འདུག ལྷོ་ཡི་ལྷ་ཚན་དགའ་རབ་དབང་ཕྱུག་གིས་མཐོ་ནམ་མཁའི་འཇའ་ལམ་ནས་ཤིང་ཁྲི་ལ་ལུང་བསྟན་གྱི་གླུ་འདི་འདྲ་ཞིག་བླངས་སོ། །
གླུ་ཨ་ལ་ཐ་ལ་ཐ་ལ་རེད། །ཐ་ལ་མོ་གླུ་ཡི་ལེན་ལུགས་རེད། །ནམ་མཁའ་སྤྲིན་གྱི་གཞལ་ཡས་ནས། །ལྷ་ཆེན་དགའ་རབ་དབང་ཕྱུག་ཡིན། །ཕོ་རབ་གསེར་གྱི་དཔོན་འགོ་ཡིན། །ལྷོ་རྒྱལ་ཤིང་ཁྲི་རྒྱལ་པོ་ཁྱོད། །ད་མ་སྡོད་མྱུར་དུ་ཡར་ལ་བྱོན། །ཀླུ་བདུད་འཇའ་སྐས་ང་ཡིས་བཙུགས། །གཟུགས་མེད་འཇའ་ལམ་བརྒྱུད་ནས་ཕེབས། །དགའ་རབ་ང་ཡི་ཞིང་ལ་ཕེབས། །དགྲ་འདྲེ་གླིང་གི་ཇོ་རུ་དེ། །དངོས་ཡོད་བརྒྱ་ལ་དངོས་མེད་སྟོང༌། །རྫུ་འཕྲུལ་ཅན་གྱི་རྒྱལ་པོ་ཁོར། །འགྲན་ཡ་བྱེད་ཐབས་ག་ལ་ཡོད། །ཤིང་ཁྲི་ལ་མོར་ཡར་ལ་བྱོན། །དགྲ་འདྲེའི་ཇོ་རུ་སླེབས་ནས་ཡོང༌། །གོ་ན་རྣ་བའི་དཀྱིལ་ལ་ཞོག །
ཅེས་གླུ་མཇུག་རྫོགས་པ་དང་ནམ་མཁའ་ནས་འཇའ་ཡི་སྐས་ཞིག་བྱུང་བས་ཤིང་ཁྲི་སྟོབས་ཀྱི་རྒྱལ་པོས་སྲས་མོ་མེ་ཏོག་ལྷ་མཛེས་ཀྱི་ལག་པ་ནས་བཟུང་སྟེ་ནོར་བུ་དགའ་བ་གཡང་འཁྱིལ་དང་མུ་ཏིག་གི་ཕྲེང་བ་དམར་པོ་གཉིས་མེ་ཏོག་གི་ལག་པར་བཞག་ནས་མ་རྒན་ང་གཉིས་གནས་སྐབས་དགའ་རབ་ཀྱི་ཞིང་ཁམས་ལ་འགྲོ་ལེ་ཡིན། ལོ་གསུམ་གྱི་ཚུན་ལ་ངས་དགྲ་ལན་ལེན་པར་ཡོང་ལེ་ཡིན། ཁྱེད་སྡུག་པོ་མ་བྱེད་ཅེས་ཟེར་ནས་སྲས་མོ་མེ་ཏོག་ལྷ་མཛེས་ལ་གླུ་འདི་འདྲ་ཞིག་བླངས་སོ། །
གླུ་ཨ་ལ་ཐ་ལ་ཐ་ལ་རེད། །ཐ་ལ་མོ་གླུ་ཡི་ལེན་ལུགས་རེད། །ཐེངས་གསུམ་ངག་གི་འགུགས་གླུ་རེད། །དུས་དེ་རིང་ལྷ་ཞིག་འབོད་ལེ་འདི། །དགའ་རབ་ལྷ་ཡི་དབང་ཕྱུག་མཁྱེན། །མཁྱེན་གཟིགས་ཨ་ཕོའི་གླུ་སྣ་དྲོངས། །ཤིང་ཁྲི་སྟོབས་ཀྱི་རྒྱལ་པོ་ང༌། །མིང་ངོ་མ་ནམ་མཁའ་རྒྱལ་མཚན་ཟེར། །སྲས་མོ་མེ་ཏོག་ལྷ་མཛེས་ཁྱོད། །གནས་སྐབས་མི་འཇོག་ཀ་མེད་རེད། །གླིང་དཀར་དཔུང་ལ་མགོ་འབུལ་ཞུས། །འུ་ཐུག་མགོ་འབུལ་ཞུ་བ་ལ། །འགྱོད་པ་བྱེད་དོན་ཅི་ཡང་མེད། །མ་འདོད་མི་ཡུལ་འགྲོ་བའི་དུས། །གཏན་གྲོགས་སུ་བྱུང་མ་ཤེས་ཀྱང༌། །གནས་སྐབས་དེ་ལ་འཁོར་བ་དགའ། །བློ་སྙིང་མ་གཏད་བུ་མོ་ཁྱོད། །ཕ་ངའི་གཏམ་དེ་ཡིད་ལ་ཟུངས། །གླིང་དཀར་དམག་གིས་བཟུང་བའི་དུས། །འགྲོ་ལུགས་འདུག་ལུགས་རིམ་བཞིན་ལྟོས། །མི་ངན་ཇོ་རུ་འགོག་ཚ་དེར། །སྤྲུལ་པ་ཅི་གདའ་རིམ་བཞིན་ལྟོས། །གླིང་དཀར་དཔའ་རྟུལ་སུམ་ཅུའི་ནང༌། །དཔའ་ལ་འདན་མ་དགའ་བདེ་གསུམ། །གླིང་གི་ཁྲ་གླག་སྤྱང་གསུམ་རེད། །ཁས་ལེན་དམག་དཔོན་སུ་རེད་ལྟོས། །ལོ་ངོ་གསུམ་གྱི་ནང་ཚུན་ལ། །ཕ་ངས་དགྲ་ཤ་ལེན་པའི་དུས། །ཕྱི་ནང་ཟུང་འབྲེལ་ཡོང་བ་གྱིས། །གནས་སྐབས་ལ་མོ་འདུག་པའི་རིང༌། །ནོར་བུ་དགའ་བ་གཡང་འཁྱིལ་དེ། །འཇིག་རྟེན་མི་ལ་མ་སྟོན་ཞིག །ཁྱོད་བསམ་ཡིད་བཞིན་འགྲུབ་ལེ་གཅིག །ཅི་བསམ་དོན་བཞིན་འགྲུབ་ལེ་གཉིས། །ནོར་བུ་དེ་ལས་ལྷག་པ་མེད། །ཟིལ་རྟེན་ཆུ་ཡི་སྙིང་པོ་གཅིག །གནམ་ཨ་སྔོན་གཤོག་པའི་རལ་གྲི་གཉིས། །བདུད་རྩི་ཟས་ཀྱི་སྙིང་པོ་གསུམ། །དེ་གསུམ་མེ་ཏོག་ཉར་ཚགས་བྱེད། །མོ་གཡོག་མོན་བཟའ་ཟླ་བ་དེ། །མེ་ཏོག་ཅི་གསུངས་སྒྲུབ་མི་ཡིན། །དེ་ཚོ་བུ་མོའི་ཡིད་ལ་ཞོག །
ཅེས་ཟེར། མེ་ཏོག་དང་ཡབ་རྒྱལ་པོ་གཉིས་ལག་པ་བཟུང་ནས་ཁ་གྱེས་མ་ཐུབ་པར་ངུ་འབོད་འུར་སྒྲ་ཤིག་ཤིག མིག་ཆུ་རྡོ་རྦབ་འགྲིལ་འགྲིལ། ཧུ་ཤུ་གཡག་རྒོད་ངར་ངར་གྱི་གནས་སུ་མཆིས་པ་དེ་ཡི་ཚེ་ལྷོ་རྒྱལ་ཤིང་ཁྲི་རྒྱལ་པོ་དེ་ཀླུ་བདུད་བཙན་གསུམ་གྱིས་གཡས་སྐྱོར་གཡོན་སྐྱོར་བྱས་ཏེ་བྲེལ་འཚུབ་ཀྱིས་འཇའ་སྐས་འཛེགས་སྐབས། གེ་སར་མི་རྟ་གཉིས་དེར་བྱོན། དགའ་རབ་དབང་ཕྱུག་གིས་ཤིང་ཁྲི་སྐྱོབ་པའི་ཆེད་འཇའ་ཡི་ཐག་པས་ཡར་འཐེན་འགྲོ་བ་འགྲན་མེད་གེ་སར་ལྷ་ཡི་རྒྱལ་པོས་གཟིགས་ནས་ལ་མོར་མདའ་གཉིས་འཕངས་པ་དང་མཉམ་དུ་འཇའ་ཐག་གཉིས་བཅད་དེ་མར་ལྷུང་གྲབས་བྱས། ཤིང་ཁྲིས་ཡར་བལྟས་པས་གེ་སར་མི་རྟ་གཉིས་ངོ་ཤེས་ཏེ་སྙིང་རྩ་འདར་བཞིན་སྟོང་འཇུག་མེད་པའི་གླུ་འདི་འདྲ་ཞིག་ཕུལ་ལོ། །
གླུ་ཨ་ལ་ཐ་ལ་ཐ་ལ་རེད། །ཐ་ལ་མོ་གླུ་ཡི་ལེན་ལུགས་རེད། །ཐེངས་གསུམ་ངག་གི་འགུགས་གླུ་རེད། །དེ་རིང་ལྷ་ཞིག་འབོད་ལེ་འདི། །ནམ་མཁའ་སྤྲིན་གྱི་གཞལ་ཡས་ནས། །ལྷ་ཆེན་དབང་ཕྱུག་ཆེན་པོ་མཁྱེན། །མཁྱེན་གཟིགས་ཨ་ཕོའི་གླུ་སྣ་དྲོངས། །ས་འདི་ས་ངོ་མ་ཤེས་ན། །དམུ་བདུད་འཇའ་ལམ་གོང་མ་རེད། །ཕོ་ང་འདྲ་ང་ངོ་མ་ཤེས་ན། །ལྷོ་ལུང་བཅོ་བརྒྱད་འགོ་འཛིན་དེ། །ང་ལྷོ་རྒྱལ་ཤིང་ཁྲི་རྒྱལ་པོ་ཡིན། །ཕོ་རྒོད་དགུང་ལ་གྲགས་ལེ་ཡིན། །རྟགས་མ་དགུ་བརྒྱ་འཛོམས་མི་ཡིན། །འདྲེ་ཕོ་བདུད་ཀྱི་ཇོ་རུ་བུ། །ང་གནམ་ལ་སོང་ན་ཁྱོད་ཀྱིས་བཀག །བཀག་དོན་རྩ་བ་ཅི་འདྲ་ཡིན། །ཡབ་སེང་བློན་སྙིང་ཤ་བཟས་ལེ་མིན། །མ་འགོག་བཟའི་སྙིང་ཁྲག་འཐུང་ལེ་མིན། །གླིང་ཕ་ཟོག་མོན་ལ་ཁུར་ལེ་མིན། །གླིང་འབྲུག་མོ་མོན་ལ་ཁྲིད་ལེ་མིན། །བཞེངས་པའི་མཁར་བཙན་བཤིགས་ལེ་མིན། །བསགས་པའི་རྒྱུ་ནོར་འཕྲོགས་ལེ་མིན། །འགྲོ་ལམ་བཀག་དོན་ཅི་འདྲ་ཡིན། །ང་ཤིང་ཁྲི་ལྷ་ཡུལ་འགྲོ་ས་ལ། །ཁྱོད་ཀྱིས་བཀག་དོན་ཅི་ཞིག་ཡིན། །དེ་རིང་ཉི་མའི་གདོང་གང་ལ། །སྟོང་གཞུ་ཉི་མ་འབྲུག་སྒྲའི་ནང༌། །གསེར་གྱི་ལྷ་མདའ་ཆ་ལྔ་ཡོད། །དུས་དེ་རིང་དགྲ་བོ་ཁྱེད་ལ་འཕེན། །ཁྱེད་མི་རྟ་གཉིས་པོ་མགོ་མཇུག་སློག །ཕྱི་རུས་པའི་གསས་མཁར་བཤིག་རྒྱུ་ཡིན། །ནང་རྣམ་ཤེས་མར་མེ་གསོད་ལེ་ཡིན། །རྟགས་མ་རང་ལ་ཐོབ་ལེ་བྱེད། །གོ་ན་རྣ་བའི་དཀྱིལ་ལ་ཞོག །
ཅེས་ཟེར་ནས་མདའ་འཕངས་པ་དང་མཉམ་དུ་འགྲན་མེད་གེ་སར་རྒྱལ་པོའི་དྲུང་དུ་ལྷ་ཆེན་ཚངས་པ་དཀར་པོའི་ལྷ་དམག་དུང་ཕྱུར་བཅོ་བརྒྱད་དང་བར་གཉན་ཆེན་སྐུ་ལྷ་གེར་མཛོའི་གཉན་དམག་དགུ་ཁྲི་དགུ་འབུམ། ཀླུ་ཆེན་གཙུག་ན་རིན་ཆེན་གྱི་ཀླུ་དམག་རྒྱ་མཚོ་ལུད་འདྲ། དགྲ་ལྷ་གཉན་བདག་རྣམས་ཁ་བ་བབ་བབ། བུ་ཡུག་འཚུབ་འཚུབ་བཞིན་ཡོད་པས་ལྷ་དམག་བདུན་བརྒྱ་ཙམ་ཁོའི་མདའ་ཡི་འོག་ཏུ་དྲངས་པས་འགྲན་མེད་སྟོབས་ཀྱི་རྒྱལ་པོས་གཡས་སྟག་དོང་ནང་ནས་མདའ་མོ་ནམ་མཁའ་དགྲ་འདུལ་འཐེན། གཡོན་གཟིག་ཤུབས་ནང་ནས་གཞུ་མཆོག་དཀར་རྭ་རྒོད་འཁྱིལ་བ་བླངས་ཏེ་མདའ་ལྟོང་སྤྲས་ནས་ཤིང་ཁྲི་སྟོབས་ཀྱི་རྒྱལ་པོ་ཁྱོད། ཉོན་དང་འདྲ་མ་ཨེ་འདྲ་ཡོད་ཟེར་ཏེ་ལྷ་གླུ་དཀར་པོ་རྒྱང་བསྒྲགས་ལ་དྲངས་ཏེ་གླུ་འདི་འདྲ་ཞིག་བླངས་སོ། །
ལྷ་ཀི་ཀི་ཀི་ལ་སྭོ་སྭོ་སྭོ། །ཀི་ཀི་ལྷ་ཡི་འབོད་པ་ཡིན། །སྭོ་སྭོ་ལྷ་ཡི་བསུ་བ་ཡིན། །ཀི་སྭོ་དཔའ་བོའི་གདོང་གྲོགས་མཛོད། །དུས་དེ་རིང་ལྷ་ཞིག་འབོད་ལེ་འདི། །གནས་སུམ་ཅུ་བརྩིགས་པའི་ཡང་སྟེང་ནས། །ལྷ་ཆེན་ཚངས་པ་དཀར་པོ་མཁྱེན། །དེ་རིང་རྒྱལ་པོའི་གྲོགས་ལ་བྱོན།་་་་་་་༌།སྲིད་པའི་གངས་རི་རྩེ་བརྒྱད་ཀྱི། །རིན་ཆེན་གསེར་ཁྲིའི་ཡང་སྟེང་ནས། །གཉན་ཆེན་སྐུ་ལྷ་གེར་མཛོ་མཁྱེན། །དེ་རིང་རྒྱལ་པོའི་གྲོགས་ལ་བྱོན།་་་་༌།རྒྱ་མཚོ་ཆུ་ཡི་དཀྱིལ་འཁོར་ནས། །དཔག་བསམ་ཤིང་གི་རྩ་བ་རུ། །གཡུ་ཁྲི་སྔོན་མོའི་ཡང་སྟེང་ནས། །ཀླུ་རྒྱལ་གཙུག་ན་རིན་ཆེན་མཁྱེན། །དེ་རིང་རྒྱལ་པོའི་གྲོགས་ལ་བྱོན།་་་་༌།ལྷ་དེ་འདྲ་ཡན་ལ་འབོད་པ་མེད། །ས་འདི་ས་ངོ་མ་ཤེས་ན། །ནམ་མཁའ་འཇའ་ལམ་གོང་མ་རེད། །མི་ང་འདྲ་ང་ངོ་མ་ཤེས་ན། །ཕོ་རྒོད་གེ་སར་དགྲ་འདུལ་ཡིན། །གླུ་འདི་གླུ་ངོ་མ་ཤེས་ན། །ལྷ་ཀླུ་དཀར་པོའི་རྒྱང་གྲགས་རེད། །ས་ག་མ་ཡུལ་ལ་ལེན་ལེ་མིན། །དེ་རིང་ཤིང་ཁྲི་ཁྱོད་ལ་ལེན། །ཉོན་དང་ཟེར་རྒྱུ་ཨེ་འདྲ་གདའ། །སྔ་མོ་གླིང་དཀར་ཁྲ་མོ་འདི། །རང་ས་རང་གིས་བཟུང་བའི་དུས། །དོན་མེད་ཁྱེད་ཀྱིས་བཙན་ཤེད་བྱས། །དཔའ་རྟུལ་མང་པོ་ཤུལ་མེད་བཟོས། །དྲན་ཤེས་ཨེ་གདའ་ཕ་ཡི་བུ། །ཨ་འབུམ་རྫ་རི་གོང་མ་ལ། ཁྱོད་བློན་སྐུ་ལྷས་མཚན་རྡེག་བྱས། །སོ་བློན་མགར་བ་ཆོས་དར་དེ། །མི་ངན་སྐུ་ལྷ་ཁོ་ཡིས་བསད། །ཡབ་སེང་བློན་བསད་དང་ཁྱད་མེད་ཡིན། །རྒྱ་གར་མ་ནི་ཕ་ལྷ་གཅིག །རིག་པ་ཕོ་ཡི་ཨ་རྒོད་གཉིས། །བྱ་ཟི་ཟླ་གྲི་སྨིན་དྲུག་གསུམ། །བདུད་བློན་སྐུ་ལྷས་མཚོན་འོག་དྲངས། །ངེད་བློན་མི་གསུམ་ཤོར་བ་དེ། །དཔའ་རྒྱ་ཚ་ཤོར་དང་ཁྱད་པར་མེད། །དཔའ་ཡག་ཐང་རྩེ་གཡུ་འབྲུག་དེ། །འཛམ་བུ་གླིང་ལ་གྲགས་ལེ་ཡིན། །སྟོབས་རྒྱལ་པོ་ང་ཡི་དཔུང་ཡ་ཡིན། །ཁྱོད་ལྷོ་རྒན་ཤིང་ཁྲི་རྒྱལ་པོ་ཡིས། །ཙན་དན་དམར་པོའི་མདུང་རྩེར་དྲངས། །དཔའ་ཐང་རྩེ་མཚོན་ལ་དྲངས་པ་དེ། །ཡུམ་འགོག་བཟའ་བསད་དང་ཁྱད་པར་མེད། །ལྕགས་ནག་ཁྲོ་གསུམ་གོང་མ་ལ། །ངེད་བཅོ་ལྔ་པ་སངས་ཟླ་བ་གཅིག །འཇང་ཁུ་བྱུག་དཔོན་པོ་གཡུ་ཁྲབ་གཉིས། །མཚོན་ལ་དྲངས་ནས་བསད་ལེ་དེ། །དེ་བསད་པའི་གྱོད་གཞི་ཁྱོད་ལ་ཐུག །ཤེས་ཞེ་ཨེ་གདའ་ཕ་ཡི་བུ། ངའི་དར་གོས་ལ་མ་ལིང་དྲུག་དེ། །མ་རྒྱ་ཚ་ལྷ་དཀར་རྒྱུ་སྐལ་ཡིན། །མོན་ལ་བཙན་འཕྲོག་བརྒྱབ་པ་དེ། །ངའི་ཕ་ཟོག་ཤོར་དང་ཁྱད་པར་མེད། །རེད་དམ་མ་རེད་ཤིང་ཁྲི་བུ། །དེ་རིང་ཉི་མའི་གདོང་གང་ལ། །ཁྱོད་ཤིང་ཁྲི་ཐར་བ་ཁག་པོ་རེད། །ཁྱོད་དགའ་རབ་ཞིང་ཁམས་འགྲོ་བསམས་ཀྱང༌། །འཇའ་ལམ་གོང་མ་ང་ཡིས་བཀག །འགྲོ་བའི་ལམ་ཁ་ག་ན་གདའ། །ང་གེ་སར་ལྷ་ཡི་སྐྱེས་བུ་ལ། །གོང་མ་ལྷ་ཡི་གནས་མཆོག་ནས། །ཁྱོད་ཤིང་ཁྲི་འདུལ་བའི་བཀའ་མངགས་བྱུང༌། །ངའི་གཟིག་ཤུབས་གཡོན་མའི་ནང་བཅུད་ཀྱི། །གཞུ་མོ་རྭ་རྒོད་འཁྱིལ་འཁྱིལ་འདི། །གཉན་བདག་དམར་པོའི་གཞུ་མོ་ཡིན། །སྟག་དོང་གཡས་པའི་ནང་བཅུད་ཀྱི། །མདའ་མོ་ནམ་མཁའ་དགྲ་འདུལ་འདི། །གོང་མ་ལྷ་ཡི་བླ་མདའ་ཡིན། །སློབ་དཔོན་པདྨའི་གཏེར་མདའ་ཡིན། །མ་གྲུབ་པ་རྒྱལ་མོའི་ཚེ་མདའ་ཡིན། །དེ་རིང་བདུད་རྒན་ཁྱོད་ལ་འཕེན། །སྒོམ་བསམས་ན་བླ་མ་བཟང་པོ་སྒོམས། །བསྒོམ་མ་ཤེས་མ་ཎི་པདྨེ་ཧུྃ། །ཁྱོད་ཤིང་ཁྲིའི་ཡིད་ལ་དེ་ལྟར་ཞོག །
ཅེས་གསུངས་པ་དང༌། གེ་སར་གྱིས་མདའ་གཅིག་འཕངས་པས་ཤིང་ཁྲི་རྒྱལ་པོའི་བྲང་ནུ་མ་གཉིས་ཀྱི་མཚམས་ལ་ཐེབས་ནས་སྙིང་ཚལ་པ་བརྒྱ་གཤགས་སུ་སོང་བ་ཉིད་དུ་ནམ་མཁའི་འཇའ་སྐས་ནས་ལྷུང་ཡོང་བའི་སྐབས་དཔའ་རྟུལ་རྣམས་ཀྱིས་ས་ཐོག་ནས་མེ་བརྒྱབ་པས་མེ་འོད་ནམ་མཁར་འཕྱུར། ཤིང་ཁྲི་ནི་དུར་རྫས་གཡུག་པ་ལྟ་བུ་མེ་འོག་ཏུ་སོང༌།
འགྲན་མེད་གེ་སར་རྒྱལ་པོས་ཤིང་ཁྲི་བརྟུལ་ཏེ་བར་སྣང་ནས་མར་ཕེབས་པའི་སྐབས་དེར་མེ་ཏོག་ལྷ་མཛེས་དང་ཡུམ་ཟླ་མཚན་གཉིས་པོ་ནི་མཁར་རྩེའི་གསེར་གྱི་རྒྱ་ཕིབས་ཤིག་གི་འགྲམ་ན་མེས་འཚིག་ལ་ཁད་བྱས་ནས་འདུག་པ་དང་མེ་ཏོག་གིས་སེང་ཆེན་ལྷ་ཡི་རྒྱལ་པོ་མར་ཕེབས་པ་མཐོང་ནས་ཕྱག་དུ་མ་འཚལ་བ་དང་འབོད་པ་སྣ་ཚོགས་ཀྱིས་ནོར་བུ་དགའ་བ་གཡང་འཁྱིལ་དེ་སྐྱབས་རྟེན་དུ་ཕུལ། སྟོབས་ཀྱི་རྒྱལ་པོ་གེ་སར་གྱིས་མ་དང་བུ་མོ་གཉིས་རྩྭ་རྭ་ལེབ་ཆེན་གྱི་མེ་ཏོག་པདྨའི་ལྡུམ་རྭའི་ནང་དུ་གདན་འདྲེན་ཞུས་ནས་ཞུགས། གླིང་གི་དཔའ་རྟུལ་རྣམས་ཀྱིས་སྟོང་རི་གནམ་རྫོང་གི་མཐའ་བཞི་བསྐོར་བས་མོན་དམག་ལྷག་མ་རྣམས་ཀྱིས་མགོ་འབུལ་ལུས་འབུལ་ཞུས་ཤིང་རྫོང་ཆེན་རྩིས་འབུལ་ཞུས་པ་རྩིས་ལེན་བྱས།
སྲས་མོ་མེ་ཏོག་ལྷ་མཛེས་ཀྱིས་འགྲན་མེད་སྟོབས་ཀྱི་རྒྱལ་པོའི་དྲུང་དུ་ཕྱག་གསུམ་འཚལ་བ་དང་མུ་ཏིག་གི་ཕྲེང་བ་བརྒྱ་ཕྲག་མང་པོ་ཕུལ་ནས་གསོལ་བ་སྨོན་ལམ་འདེབས་པའི་གླུ་འདི་འདྲ་ཞིག་ཕུལ་ལོ། །
གླུ་ཨ་ལ་ཐ་ལ་ཐ་ལ་རེད། །ཐ་ལ་མོ་གླུ་ཡི་ལེན་ལུགས་རེད། །གླུ་ཐེངས་གསུམ་ངག་གི་འགུགས་གླུ་རེད། །དུས་དེ་རིང་ལྷ་ཞིག་འབོད་ལེ་འདི། །ཤར་གཡུ་ལོ་བཀོད་པའི་ཞིང་ཁམས་ནས། །གནས་འོ་མ་ཅན་གྱི་ཕོ་བྲང་ནས། །མཐོ་གསེར་ལོ་བརྩེགས་པའི་ཡང་སྟེང་ནས། །མ་སྒྲོལ་མ་དཀར་མོའི་ཐུགས་ཀྱིས་གཟིགས། །དེ་རིང་བུ་མོའི་གདོང་གྲོགས་མཛོད། །ས་འདི་ས་ངོ་མ་ཤེས་ན། །མོན་ཡུལ་གཡུ་ཡི་རྭ་བ་རེད། །མེ་ཏོག་ལྷ་མཛེས་གནས་ཡུལ་རེད། །སྨན་ང་འདྲ་ང་ངོ་མ་ཤེས་ན། །ལྷོ་རྒྱལ་རྒྱལ་པོའི་སྲས་མོ་ཡིན། །རྒྱ་ལྕམ་མེ་ཏོག་ལྷ་མཛེས་ཟེར། །མཁའ་འགྲོ་འབུམ་གྱི་ཚོ་དཔོན་ཡིན། །གསོན་དང་གླིང་གི་རྒྱལ་བློན་རྣམས། །ང་ཡི་ཡབ་ཆེན་ཤིང་ཁྲི་དེ། །སེང་ཆེན་རྒྱལ་པོས་མདའ་ཡིས་བཀྲོངས། །སྟོབས་ལྷོ་དམག་བརྒྱ་ཕྲག་དུ་མ་ཡང༌། །འགྲན་གླིང་དཀར་དམག་གིས་ཤུལ་མེད་བཏང༌། །གྱོད་ཀྱི་ལོ་རྒྱུས་བཤད་པས་ན། །མེ་ཏོག་ང་ལ་ཐུག་ཡོད་ཟེར། །གཏམ་དོན་མི་ཁ་ཁག་ཁག་རེད། །ཡིན་ཀྱང་ནོར་བུ་རིན་པོ་ཆེ། །གནའ་མིའི་གཏམ་ལ་འདི་འདྲ་ཡོང༌། །བླ་མ་བཟང་པོའི་བཀའ་ཆོས་དེ། །སྡིག་ཆེན་དམྱལ་བ་འགྲིམ་ཉིན་མཁོ། །དཔོན་པོའི་བུ་འདྲེན་བཟང་པོ་དེ། །སྟེང་དགྲ་བོའི་གདོང་ལ་འགྲོ་ཉིན་མཁོ། །ཕ་མ་བཟང་པོའི་བསླབ་བྱ་དེ། །བུ་རྒྱུད་གནས་ལ་འགྲོ་ཉིན་མཁོ། །ཚེ་རོགས་བཟང་པོའི་སྙིང་གཏམ་དེ། །འཇིག་རྟེན་མི་ཆོས་སྒྲུབ་ཉིན་མཁོ། །དེ་ལ་མཁོ་བ་རྣམ་བཞི་ཟེར། །མཐོ་བ་སེང་ཆེན་བླ་མ་ནས། །དམའ་བ་དམག་དམངས་ཡན་ཆོད་ལ། །ཉི་མ་བདུན་གྱི་གསོལ་སྟོན་འབུལ། །དགའ་སྐྱིད་གསོལ་སྟོན་རིམ་བཞིན་གཤོམ། །མཆོད་ཆང་ཐེམ་ཅན་ཁྲི་ལྔ་དང༌། །ཤ་རྣ་བ་ཅན་གྱི་གཏོང་སྒོ་དེ། །མ་འཕྱུག་མེ་ཏོག་ང་ཡིས་བྱེད། །མ་ཕུགས་གཏམ་གྱི་འདྲ་མ་ལ། །གླིང་དཀར་མཐོ་དམའ་བར་གསུམ་ལ། །སྐྱབས་ཡུལ་ཞུ་རྟེན་ཨེ་འདྲ་ཡོད། །གོས་ཆེན་མེ་གླིང་དམར་པོ་གཅིག །ཟ་འོག་དར་གླིང་དཀར་པོ་གཉིས། །དར་གོས་ཆུ་གླིང་སྔོན་པོ་གསུམ། །རྒྱ་ནག་པོའི་ཇ་གཡང་ལེན་པའི་དུས། །ཤིན་ཏུ་མཁོ་བའི་རྫས་གཅིག་ཡིན། །གླིང་དཀར་རྒྱལ་བློན་ཚོགས་ལ་འབུལ། །མཁར་རྩེག་གསུམ་རྫོང་ཆེན་གོང་མ་ལ། །རྒྱུ་རིན་ཆེན་བླུགས་པའི་བང་མཛོད་ཡོད། །ནོར་དེ་ཚོར་མིང་རེ་འདོགས་ཚོད་མེད། །སྐྲ་རེ་ལ་གཡུ་རྒྱན་འདོགས་ཚོད་མེད། །དྲིན་ཕ་མས་བཞག་ལེའི་རྒྱུ་ནོར་ཡིན།། ད་རུང་དེ་ཡིས་མི་ཚད་པའི། །འབྲས་ཆེན་མཐོང་བ་ཀུན་སྨོན་ལ། །དཀར་པོ་འབྲས་ཀྱི་གཏེར་ཁ་དང༌། །མ་རྒྱུད་རྡོ་རྗེ་འཕགས་མོ་ལ། །སྔོན་མོ་འབྲུ་ཡི་གཏེར་ཁ་ཡོད། །གཏེར་ཁ་སུམ་བརྒྱ་དྲུག་ཅུ་ཡོད། །གཏེར་སྦས་སློབ་དཔོན་པདྨ་རེད། །གཏེར་བཞེངས་སེང་ཆེན་གེ་སར་རེད། །ཐམས་ཅད་གླིང་ལ་རྩིས་འབུལ་ཞུ། །ད་མོན་བཟའ་བུ་མོ་མེ་ཏོག་ངས། །སེང་ཆེན་ལྷ་ཡི་བླ་མ་ལ། །སྐྱབས་དང་འདུན་མ་ཞུ་རྒྱུ་ཡོད། །བུ་མོའི་ཡབ་ཆེན་ཤིང་ཁྲི་དང༌། །མོན་གླིང་དམག་དམངས་གཉིས་ཀྱི་ནང༌། །མདའ་མཚོན་འོག་ཏུ་ཤོར་བ་རྣམས། །དམྱལ་ཁམས་གཏིང་ལ་མ་ཤོར་བའི། །འདྲེན་དོན་ཁྱེད་ཀྱིས་གནང་རོགས་མཛོད། །
ཅེས་གླུ་དེ་ལྟར་བླངས་པ་དང༌། སེང་ཆེན་ལྷ་ཡི་བླ་མས་བདུད་རྩི་བླུགས་པའི་བཀྲ་ཤིས་གཡང་འཁྱིལ་གྱི་བུམ་པ་དེ་བསྣམས་ཏེ། མེ་ཏོག་ལྷ་མཛེས་དང་མོན་ཕྲུག་དཔའ་བོ་མི་གསུམ་ལ་གནང་བས་ཚང་མར་བཟང་རྒྱུད་ཀྱི་སེམས་ཐོབ་པ་དང༌། དུང་སྐྱོང་སྟག་ལྷ་ཁྲི་དཀར་གྱིས་གླིང་རྗེ་གེ་སར་རྒྱལ་པོ་ནི་སངས་རྒྱས་ཡིན་པ་ངོ་སྔ་ཕན་ཤེས་ཏེ་སྐྱབས་ཁོང་ལ་མ་ཞུ་སུ་ལ་ཞུ་བསམས་ཏེ་མིག་ནས་མཆི་མ་ཧྲིག་ཧྲིག་ཏུ་ཤོར་བཞིན་མགོ་ཡི་རྨོག་དཀར་དང༌། ལུས་ཀྱི་ཁྲབ་དཀར། འོག་རྟ་དཀར་བཅས་པ་ཐམས་ཅད་གླིང་དཔའ་རྟུལ་རྣམས་ཀྱི་དཀྱིལ་ལ་བཞག ག་འུའི་ནང་དུ་རིན་ཆེན་ནོར་བུ་ཆ་བདུན་ཡོད་པ་དེ་སེང་ཆེན་བླ་མའི་དྲུང་དུ་ཡར་ཕུལ་ཏེ་སེམས་སྐྱིད་པའི་གླུ་འདི་འདྲ་ཞིག་བླངས་སོ། །
ཨ་ལ་ཐ་ལ་ཐ་ལ་རེད། །ཐ་ལ་མོ་གླུ་ཡི་ལེན་ལུགས་རེད། །ཐེངས་གསུམ་ངག་གི་འགུགས་གླུ་རེད། །ས་འདི་ས་ངོ་མ་ཤེས་ན། སྐྱིད་མོ་མོན་གྱི་རྒྱལ་ས་ཡི། །མེ་ཏོག་པདྨའི་རྭ་བ་རེད། །རྒྱལ་པོ་སྤྲོ་བའི་སྤྲོ་རྭ་རེད། །བློན་པོ་སྐྱིད་པའི་མདའ་རྭ་རེད། །ཕ་བུ་དགའ་བའི་གཏམ་རྭ་རེད། །མ་སྲུ་དགའ་བའི་ཆང་རྭ་རེད། །མོ་སྨན་དགའ་མགུའི་གནས་རྭ་རེད། །ཆུང་ཨ་ཉོག་དགའ་བའི་རྩེད་རྭ་རེད། །ཕོ་ང་འདྲ་ང་ངོ་མ་ཤེས་ན། །སྟོད་གངས་རི་རྩེག་གསུམ་མར་གཤམ་ན། །རྫོང་བཙན་པོ་དུང་དཀར་དཀར་རྫོང་ནང༌། །ང་དུང་སྐྱོང་སྟག་ལྷ་ཁྲི་དཀར་ཟེར། །ཡབ་ལ་ཉི་མ་ཁྱུང་རབ་ཟེར། །དཀར་པོའི་ཆོས་འཁོར་སྐོར་མི་ཡིན། །ཡུམ་ལ་ཟླ་བ་མཛེས་ལྡན་ཟེར། །སྐྱེ་བ་སྔོན་གྱི་ལས་སྐལ་བསྒྲུབས། །དུང་སྐྱོང་སྟག་ལྷ་ཁྲི་དཀར་ང༌། །དེ་སྔོན་ལོ་ན་ཆུང་བའི་དུས། །ཆོས་གདམ་ངག་ལུས་ལ་མ་འཛོམས་པས། །
དགའ་རབ་བདུད་ལ་ཡིད་གཏད་བཅོལ། །སྡིག་གཅོད་མི་ཡི་ཤན་པ་བྱས། །ལས་བྱ་བ་ངན་པ་བསྒྲུབས་ནས་ཐལ། །འོན་ཏེ་སྐྱེས་བུ་རིན་པོ་ཆེ། །དེ་རིང་ཉི་མའི་ཚུན་ཆོད་ནས། །མགོ་སྤྱི་གཙུག་པདྨའི་གདན་སྟེང་ནས། །དད་རྩེ་གཅིག་ཁྱེད་ལ་སྐྱབས་ཞུ་བྱེད། །དཀར་ཕྱོགས་ལྷ་ལ་གསོལ་བ་འདེབས། །ཁྱེད་ཀྱིས་ཅི་གསུང་བཀའ་བཞིན་སྒྲུབ། །དབང་བྱིན་མ་ཆུང་ཐུགས་རྗེས་གཟིགས། །དུང་སྐྱོང་ང་ཡི་འདུན་མ་འདི། །ཞུས་ནས་དོན་དུ་བསྒྲུབ་པར་ཤོག །
ཅེས་གླུ་དེ་ལྟར་ཕུལ་བས། འགྲན་མེད་སྟོབས་ཀྱི་རྒྱལ་པོ་གེ་སར་གྱིས། ཡཱ་དེ་རིང་རྟེན་འབྲེལ་བཟང༌། ད་དུང་སྐྱོང་སྟག་ལྷ་ཁྲི་དཀར་ཁྱོད། འདི་འདྲ་བྱེད་རྒྱུ་ལར་ནས་མེད། ལྷོ་ལ་ལུང་ཆེན་བཅོ་བརྒྱད་དང༌། དེ་ལ་སྡེ་ཁག་བཅོ་བརྒྱད་ཡོད་པ་རྣམས་དུང་སྐྱོང་ཁྱོད་ཀྱི་ལག་ཏུ་སྤྲད་ཆོག ཚོ་ཆེན་མོན་གྱི་འགོ་འཛིན་བྱས་ནས། ལྷོ་ཡི་རྒྱུ་ནོར་ཟས་གསུམ་མོན་དམངས་མཐོ་དམན་མེད་པར་འདོད་པ་ཁེངས་པའི་བགོ་བཤའ་རྒྱོབས། ནོར་བུ་དགའ་བ་གཡང་འཁྱིལ་དང༌། དངོས་གྲུབ་འཁྱིལ་བའི་བདུད་རྩི་དེ་གླིང་དཀར་སྟོད་ལ་ཡར་ལེན་མིན་དེ་རིམ་བཞིན་བལྟས་ཆོག་ཅེས་རྒྱལ་པོས་བཀའ་དེ་ལྟར་གནང༌།
ཉི་མ་དེ་ཡི་ཚེ་ན་ལྷོ་ཡི་ལྐུགས་པ་དང་འོན་པ། ཞ་བོ། ལོང་བ་ཐམས་ཅད་རྒྱལ་མཆོག་དམ་པ་གེ་སར་གྱི་དྲུང་དུ་ཁྲིད་ཡོང་བས། རྒྱལ་མཆོག་དམ་པ་གེ་སར་གྱིས་དབང་བཀུར་བྱིན་རླབས་ཉི་མ་བདུན་མཛད་པའི་རྗེས་སུ། ལོང་བ་ཐམས་ཅད་མིག་མཐོང༌། འོན་པ་ཐམས་ཅད་རྣ་བ་སངས། ལྐུགས་པ་ཐམས་ཅད་ཁ་གྲགས། ཞ་བོ་ཐམས་ཅད་གོམ་སྟབས་བདེ་མོར་འགྲོ་ཐུབ་པ་བྱུང་བ་དང༌། །ཚང་མས་འགྲན་མེད་གེ་སར་རྒྱལ་པོ་ནི་སངས་རྒྱས་ཡིན་པ་གཞི་ནས་ངོ་ཤེས་ཏེ་དགའ་སྤྲོ་དཔག་ཏུ་མེད་པ་སྐྱེས། དེ་ནས་འགྲན་མེད་གེ་སར་རྒྱལ་པོས་ལྷ་གོང་མའི་ལུང་བསྟན་ལ་བསྟུན་ཏེ་སྲས་མོ་མེ་ཏོག་ལྷ་མཛེས་དེ་ལྷ་རྒོད་འབུམ་ལུར་ཚེ་གཅིག་གི་ཇ་མར་གནང་བ་དང༌། དགའ་སྐྱིད་ཀྱི་སྟོན་མོ་ཉི་མ་བདུན་རིང་ཤ་བཟའ། ཆང་འཐུང་གི་བསྐོར་ཏེ། ཧྭ་ཧྭ་ཧུ་ཧུའི་ངང་ནས་བསྡད་པ་དང༌།
ཉིན་གཅིག་འགྲན་མེད་གེ་སར་རྒྱལ་པོས་སྲས་མོ་མེ་ཏོག་ལྷ་མཛེས་ལ་ཁྱོད་ང་ལ་ལྟོས་དང་འདྲ་མ་ཨེ་འདྲ་ཡོད། ཁྱོད་ཀྱི་ཡབ་ཆེན་ཤིང་ཁྲིས་གཙོས་པའི་མོན་གླིང་གཉིས་ཀྱི་མི་མཚོན་འོག་ཏུ་ཤོར་ཚད་ཀྱི་རྣམ་ཤེས་ངས་འདྲེན་གྱི་ཡིན་ཞེས་གསུངས་པ་དང༌། གཏམ་ངག་གི་འཕོ་བ་ནང་དུ་བཀུག་སྟེ་བུ་མོ་དང་གླིང་པ་མོན་པ་ཐམས་ཅད་ཀྱི་མིག་གིས་མཐོང་སར་བྱ་ཁྱུ་འུར་རྡོས་དཀྲོགས་པ་ལྟ་བུར་ལྷོ་རྒྱལ་ཤིང་ཁྲི་རྒྱལ་པོ་དེ་རྟའུ་རི་ཡི་དབུ་རྩེར། དྲི་ཟའི་རྒྱལ་པོ་རྟ་མགོ་ཅན་གྱི་གནས་ཡུལ་ལ་དྲངས། བདུད་རྟ་མི་བཟན་དམར་པོ་དེ་ལྷ་མ་ཡིན་གྱི་འཐབ་རྩོད་ཀྱི་གནས་ཡུལ་ལ་བཞག་པ་དང༌། མོན་གླིང་གཉིས་ཀྱི་ལས་དམག་བསད་ཚད་ཐམས་ཅད་རང་ཤུགས་ཀྱིས་མགོན་པོ་འོད་དཔག་ཏུ་མེད་པའི་གནས་ཡུལ་དུ་དྲངས་ནས་རྒྱལ་བློན་རྣམས་དགའ་སྐྱིད་སྤྲོ་སྣང་ངང་བཞུགས་པར་གདའ་འོ། །
དེ་ནས་རིམ་བཞིན་གེ་སར་དང་གླིང་དམག་རང་ཡུལ་དུ་ཕྱིར་ཕེབས་པར། སེང་ལྕམ་འབྲུག་མོས་སྣེ་འཁྲིད་དེ། གླིང་གི་ནང་བློན་བཅུ་གཉིས་དང་ཇ་མ་རྣམས་ཀྱིས་བསུ་བ་རྒྱ་ཆེན་པོ་ཞུས། དགའ་བའི་བྲོ་བརྡུངས། མཚར་བའི་གླུ་བླངས། སྐྱིད་པའི་ཇ་ཆང་ལ་ལོངས་སུ་སྤྱོད་པའི་སྐབས་དེར་བོད་ཕྲུག་མི་ཆུང་གིས་རྒྱལ་བློན་གྱི་དབུས་སུ་ཡར་ལངས་ཏེ་དར་གྱིས་སྣེ་དྲངས་ནས་བཀྲ་ཤིས་སྨོན་ལམ་གྱི་མཚར་གླུ་འདི་འདྲ་ཞིག་ཕུལ་ལོ། །
གླུ་ཨ་ལ་ཐ་ལ་ཐ་ལ་རེད། །ཐ་ལ་མོ་གླུ་ཡི་ལེན་ལུགས་རེད། །གླུ་ཐེངས་གསུམ་ངག་གི་འགུགས་གླུ་རེད། །དུས་དེ་རིང་ལྷ་ཞིག་འབོད་ལེ་འདི། །ཤར་རྣམ་པར་དག་པའི་ཞིང་ཁམས་ནས། །བཅོམ་ལྡན་རྣམ་པར་སྣང་མཛད་མཁྱེན། །གནས་རབ་རྫོགས་པའི་ཕོ་བྲང་ནས། །བཅོམ་ལྡན་རྒྱལ་བ་རིགས་ལྔའི་ལྷ། །དུས་དེ་རིང་ཨ་ཕོའི་ཁ་འཛིན་མཛོད།་་་་༌།ས་འདི་ས་ངོ་མ་ཤེས་ན། །གསང་བ་འདུས་པའི་དཀྱིལ་འཁོར་རེད། །འཛམ་གླིང་ས་ཡི་ལྟེ་བ་རེད། །བདེ་མཆོག་ལྷ་ཡི་ཕོ་བྲང་རེད། །ཕོ་ང་འདྲ་ང་ངོ་མ་ཤེས་ན། །ང་བོད་ཕྲུག་མི་ཆུང་ཁ་བདེ་ཡིན། །རྗེ་སེང་ཆེན་རྒྱལ་པོའི་གཟིམ་དཔོན་ཡིན། །ལུས་གྲུ་བཞི་གཟུགས་ཚད་མ་ལོན་ཀྱང༌། །གཏམ་གྲུ་བཞི་གདན་ལ་གདིང་མི་ཡིན། །ཁ་ཆུང་པདྨའི་འཛུམ་མདངས་ནས། །གཏམ་མཁས་པ་ཆུ་བོ་འབབ་འབབ་ཡིན།་་་་༌།དུས་དེ་རིང་བཀྲ་ཤིས་ཉི་མ་ལ། །གནམ་ལ་རྩིས་པའི་སྐར་མ་བཟང༌། །བར་ལ་རྩིས་པའི་ཚེས་གྲངས་བཟང༌། །ས་ལ་རྩིས་པའི་དུས་ཚོད་བཟང༌། །བཟང་གསུམ་རྟེན་འབྲེལ་འགྲིགས་ལེ་རེད།་་་༌།ནམ་མཁའ་སྟེང་ནས་གཡང་ཞིག་འབོད། །ཟླ་བ་བཞིན་དུ་གསལ་བའི་གཡང༌། །ཉི་མ་བཞིན་དུ་དྲོད་པའི་གཡང༌། །སྐྱེ་དངོས་བཞིན་དུ་འཚར་བའི་གཡང༌། །བར་སྣང་མཐོངས་ནས་གཡང་ཞིག་འབོད། །ཆུ་སྤྲིན་བཞིན་དུ་འཚུབ་པའི་གཡང༌། །སྦྲང་ཆར་བཞིན་དུ་བབ་པའི་གཡང༌། །འབྲས་དྲུག་བཞིན་དུ་སྨིན་པའི་གཡང༌། །ས་དོག་མོའི་རྒྱུད་ནས་གཡང་ཞིག་འབོད། །རི་རྒྱལ་བཞིན་དུ་བརྟན་པའི་གཡང༌། །གངས་རི་བཞིན་དུ་སྤུངས་པའི་གཡང༌། །ཆུ་བོ་བཞིན་དུ་འབབ་པའི་གཡང༌། །རྒྱ་མཚོ་བཞིན་དུ་འཁྱིལ་བའི་གཡང༌། །དེ་རིང་བཀྲ་ཤིས་གཡང་ཞིག་འབོད། །གླིང་རྒྱལ་བློན་སྐུ་ཚེ་བརྟན་པར་ཤོག །མི་སྲོག་བྲག་ལས་སྲ་བར་ཤོག །བྲག་ལ་ཞིག་རལ་མེད་པར་ཤོག །མི་ཚེ་ཆུ་ལས་རིང་བར་ཤོག །ཆུ་ལ་རྒྱུན་ཆད་མེད་པར་ཤོག །དེ་རིང་གླིང་དཀར་ལྷ་ལས་སྐྱིད། །བསམ་དོན་འགྲུབ་པའི་རྟེན་འབྲེལ་འགྲིགས། །སྟོད་གླིང་གསེར་པ་མཆེད་བརྒྱད་གཅིག །བར་གླིང་འོམ་བུ་ཚོ་དྲུག་གཉིས། །སྨད་གླིང་མུ་སྤྱང་སྡེ་བཞི་གསུམ། །དེ་རིང་མཇལ་བའི་རྟེན་འབྲེལ་འགྲིགས།་་་་་ཞེས་སོགས་བརྗོད་པར་རྒྱལ་བློན་རྣམས་ཐུགས་ཧ་ཅང་དགྱེས་སོ།། །།

གླེང་བརྗོད།

སྔོན་མ།
མོན་གླིང་གཡུལ་འགྱེད། (ཚན་པ་གཉིས་པ)
ཕྱི་མ།
མཚར་གཏམ། སྡེ་ཚན་དང་པོ།