ཟླ་རེའི་གསར་འགྱུར།

འཛིན་རིམ་བཅུ་གཉིས་སློབ་ཐོན་པའི་མཐོ་སློབ་སློབ་འཇུག་གི་རྒྱུས་སྟོན་ཐེངས་བཅུ་པ་ཚོགས་པ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༢ ཉིན་འདི་ག་ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་སློབ་སྟོན་ཚན་པའི་གོ་སྒྲིག་འོག གངས་སྐྱིད་གཉའ་ཁྲི་ཚོགས་ཁང་ནང་འཛིན་རིམ་བཅུ་གཉིས་སློབ་ཐོན་པའི་སློབ་མ་རྣམས་ལ་མཐོ་སློབ་སློབ་འཇུག་གི་རྒྱུས་སྟོན་ཐེངས་བཅུ་པའི་དབུ་འབྱེད་མཛད་སྒོ་འཚོགས།
    དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཡོལ་ཙམ་ལ་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་ཀྱིས་གཙོས་ཤེས་རིག་མདུན་ལམ་སློབ་སྟོན་ཚན་པའི་འགན་འཛིན་སྒྲོལ་དཀར་དབང་མོ་ལགས་དང་། འབྲེལ་ཡོད་ལས་བྱེད་རྣམ་པ། དེ་བཞིན་སློབ་གྲྭ་ཁག་འདྲ་མིན་ནས་ཕེབས་པའི་སློབ་ཕྲུག་ཁྱོན་གྲངས་ ༨༦ བཅས་ཚང་འཛོམས་ཐོག ཤེས་རིག་མདུན་ལམ་སློབ་སྟོན་ཚན་པའི་འགན་འཛིན་སྒྲོལ་དཀར་དབང་མོ་ལགས་ཀྱིས་རྒྱུས་སྟོན་གྱི་དམིགས་ཡུལ་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གནང་གྲུབ་མཚམས། ཤེས་རིག་དྲུང་ཆེས་རྒྱུས་སྟོན་དབུ་འབྱེད་ཀྱི་གསུང་བཤད་གནང་དོན།
དེ་རིང་འཛིན་རིམ་བཅུ་གཉིས་སློབ་ཐོན་པའི་སློབ་མ་རྣམས་ལ་མཐོ་སློབ་སློབ་འཇུག་གི་རྒྱུས་སྟོན་ཐེངས་བཅུ་པའི་ཐོག་སློབ་ཕྲུག་མང་དག་ཅིག་ཕེབས་ཐུབ་པ་བྱུང་འདུག སློབ་ཕྲུག་ཕེབས་མཁན་ཚོ་ཡིན་ནའང་གཞན་དང་མ་འདྲ་བར་སོ་སོས་དོ་སྣང་དང་འཁུར་བླངས་ཏེ་འདིར་ཕེབས་པར་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། འཛིན་རིམ་བཅུ་གཉིས་ཐོན་རྗེས་སོ་སོའི་མི་ཚེ་ནང་སློབ་སྦྱོང་བྱེད་རྒྱུའི་རིམ་པ་གཅིག་གྲུབ་པ་རེད། ཁྱེད་རང་ཚོས་སློབ་སྦྱོང་ག་ཚོད་བྱས་ཡོད་མེད་དེ་སང་གནངས་གྲུབ་འབྲས་ཐོན་ཡོང་གི་རེད། ཁྱེད་རང་ཚོས་ཡག་པོ་བྱས་ཡོད་པའི་རེ་བ་བྱེད་བཞིན་ཡོད། ན་ནིང་ལོར་སྲིད་སྐྱོང་སློབ་ཡོན་ལེན་མཁན་སློབ་མ་གཅིག་བྱུང་བ་རེད། ད་ལོ་གང་མང་ཐོན་པའི་ང་ཚོས་ཧ་ཅང་རེ་བ་བྱེད་བཞིན་ཡོད། ཁྱེད་རང་ཚོས་དོན་གཉེར་ཆེ་ཤོས་སློབ་ཡོན་ཇི་ལྟར་ཐོབ་ཀྱི་ཡོད་མེད། མཐོ་རིམ་སློབ་གྲྭ་འདེམས་ཕྱོགས་ཀྱི་ཐོག་དངངས་སྐྲག འགའ་ཞིག་ནས་གྲ་སྒྲིག་ཀྱང་ཕལ་ཆེར་བྱས་ཡོད་སྲིད། ད་ལྟ་མཛད་སྒོ་གྲོལ་རྗེས་ཁོང་རྣམ་པས་ཁྱེད་རང་ཚོར་འགྲེལ་བརྗོད་གནང་གི་རེད།
    དེར་བརྟེན་ངས་ཞུ་མ་དགོས་པ་བྱས། ཁྱེད་རང་ཚོས་མཐོ་རིམ་སློབ་གྲྭ་འདེམས་སྐབས་གྲོགས་པོ་གྲོགས་མོ་དང་སྤུན་མཆེད་སོགས་གང་དུ་འགྲོ་ཡང་དེའི་མཇུག་ཏུ་མ་བསྐྱོད་པར། མཐོ་སློབ་དང་གཙུག་ལག་སློབ་ཁང་སྙན་གྲགས་ཆེ་བ་དང་གྲུབ་འབྲས་སོགས་གང་ཅིའི་ཐད་ནས་ལེགས་པ་ཡོད་སར་སློབ་འཇུག་ཐོབ་ཐབས་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཁྱེད་རང་ཚོ་ད་ལྟ་བར་བོད་པའི་སྤྱི་ཚོགས་དང་ཁོར་ཡུག་ནང་འཚར་ལོངས་བྱུང་བ་ཞིག་ཡིན་སྟབས་བོད་པའི་སྐད་ཡིག་ཁྱེད་རང་ཚོས་ཤེས་ཀྱི་ཡོད་པ་དེ་མུ་མཐུད་ཡར་རྒྱས་གོང་སྤེལ་གཏོང་ཐབས་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། བོད་སྐད་བརྗེད་པ་དང་། བོད་སྐད་ལ་མཐོང་ཆུང་བྱས་པའི་རིགས་རྩ་བ་ཉིད་ནས་བྱེད་མི་རུང་། བོད་པ་ཞེས་བརྗོད་སྐབས་ཡ་རབས་དང་། བྱམས་སྙིང་རྗེ་ལྡན་པ། དུས་རྟག་ཏུ་བྱམས་སྙིང་རྗེའི་སྐོར་བཤད་མཁན། གང་ལྟར་ཕྱི་རྒྱལ་ཁོ་རང་ཚོར་མེད་པའི་ཁྱད་ཆོས་དེ་ང་ཚོ་བོད་པར་ཡོད་པ་དེ་འདྲ་ངོས་འཛིན་བྱེད་ཀྱི་འདུག གཙོ་བོ་༸རྒྱལ་བ་རིན་པོ་ཆེས་ཐུགས་རྗེ་བཀའ་དྲིན་རེད། ༸རྒྱལ་བ་རིན་པོ་ཆེ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཆིབས་སྒྱུར་བསྐྱངས་སྐབས་སུ་ཕྱི་རྒྱལ་མི་རིགས་ཀྱིས་ཧ་ལས་པའི་བརྩི་བཀུར་ཞུ་བཞིན་ཡོད།
    དེ་ང་ཚོ་བོད་པས་བརྩི་བཀུར་ཞུས་སྟངས་དང་གཅིག་མཚུངས་མ་རེད། བོད་པས་བརྩི་བཀུར་ཞུས་ཀྱི་ཡོད་རེད་དེ་མང་ཆེ་བ་རྨོངས་དད་རེད། ཁོང་ཚོ་མང་ཆེ་བ་ཤེས་ཡོན་ཅན་ཡིན་པར་བརྟེན་བརྟག་དཔྱད་བྱས་ནས་དད་གུས་དང་བརྩི་བཀུར་བྱེད་ཀྱི་ཡོད། བོད་པའི་བཟང་སྤྱོད་དེ་འཛིན་གྲྭ་བཅུ་གཉིས་ཐོན་ཏེ་མཐོ་རིམ་སློབ་གྲྭར་བསླེབས་སྐབས་ཁྱེད་ཚོར་གོ་སྐབས་མང་པོ་ཡོད། སློབ་གྲྭར་གཏམ་བཤད་བྱེད་ཀྱི་ཡིན་ནའང་རེད། སློབ་གྲྭའི་དགེ་རྒན་ལས་བྱེད། ཕྲུ་གུ་ཚོའི་ཚུར་དོ་སྣང་བྱེད་ཀྱི་ཡོད་ན་རེད། ཕར་གཏམ་བཤད་བྱེད་ཀྱི་ཡིན་ན་རེད་གཞི་རིམ་སློབ་གྲྭ་ནང་ལྟར་མིན་པ་གོ་སྐབས་ཧ་ཅང་མང་པོ་ཡོད། གོ་སྐབས་དེ་ཚོ་ལེན་ཐུབ་པ་བྱེད་དགོས། སོ་སོའི་རྒྱུད་ལ་བོད་པའི་ཁྱད་ཆོས་དེ་ཡོད། སོ་སོའི་སྐད་ཡིག་གི་མ་རྩ་དེ་མ་བརླག་པར་བོད་པའི་སྐུ་ཚབ་ཡིན་པའི་ཆ་ནས་བོད་ནང་གི་གནས་ཚུལ་དེ་དག་ག་དུས་ཡིན་ན་བཤད་ཐུབ་པ་དགོས། དེ་དག་བཤད་ཐུབ་པར་གདོང་རྩལ་དགོས། མི་ཚོགས་ནང་བཤད་རྒྱུའི་རྩལ་དགོས། གོམས་འདྲིས་བྱེད་རྒྱུ་ཡོད། ཁྱེད་རང་ཚོ་བོད་པའི་རྩ་དོན་ཐོག་དོ་སྣང་ཡག་པོ་བྱེད་དགོས།
    ཚན་རིག་སྡེ་ཚན་ནང་མི་ཉུང་ཤས་ལས་མི་འདུག་སྟེ་མང་པོ་ཞིག་ཟབ་སྦྱོང་གཞན་པའི་ནང་ཕེབས་ཡོད། ཚན་རིག་སློབ་ཚན་ནང་ཡོད་པ་དེ་དག་ལས་སླ་བཅོས་བྱས་ནས་སློབ་ཚན་བརྗེ་འགྱུར་མ་བྱས་པར་མུ་མཐུད་དཀའ་ལས་བརྒྱབ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རིགས་གཅིག་རྐང་འཛིན་བྱེད་དགོས་སྐོར་དུས་རྟག་ཏུ་བཀའ་སློབ་ཕེབས་ཀྱི་ཡོད་པ་བཞིན་ཤེས་རིག་ལས་ཁུངས་ནས་ཀྱང་དེའི་ཐོག་ཤུགས་རྒྱག་གི་ཡོད། རིགས་གཅིག་རྐང་འཛིན་བྱེད་ཆེད་ Graduate དང་ Under Graduate,M.Phil ལ་སོགས་པའི་སློབ་སྦྱོང་དེ་དག་མ་བྱེད་པར་རིགས་གཅིག་རྐང་འཛིན་བྱེད་རྒྱུ་མེད་པར་བརྟེན། ང་ཚོས་མཐོ་རིམ་སློབ་སྦྱོང་ཐོག་ཤུགས་རྒྱག་གི་ཡོད། ཤུགས་བརྒྱབ་རྒྱུ་གཙོ་བོ་གཅིག་ཕྲུ་གུ་གང་མང་ནས་རིགས་གཅིག་རྐང་འཛིན་བྱེད་ཐུབ་པ་བྱ་རྒྱུ་དེ་ཡིན། དེ་ལྟར་བྱུང་བ་ཡིན་ན། བོད་རྒྱལ་ཁབ་དང་སྤྱི་ཚོགས་ལ་ཕན་ཐོགས་ཀྱི་ཡོད་པ་དང་། ༸རྒྱལ་བ་རིན་པོ་ཆེའི་དགོངས་པ་སྒྲུབ་ཀྱི་འདུག་བསམ་པ་དེ་འདྲ་བསམ་བློ་གཏོང་གི་ཡོད། ཁྱེད་རང་ཚོ་ཡིན་ན་ཡང་དམིགས་ཡུལ་དེ་མཐོ་ཙམ་དགོས། རིགས་གཅིག་རྐང་འཛིན་སོགས་སོ་སོ་སློབ་སྦྱོང་གང་བྱས་པ་ཡིན་ནའང་དེ་ངས་མཐར་ཕྱིན་པ་བྱེད་དགོས་བསམ་པའི་ཆོད་སེམས་བརྟན་པོ་ཉར་དགོས། མཐོ་རིམ་སློབ་ཡོན་ཐོག་ཤེས་རིག་ལས་ཁུངས་ཀྱིས་གང་ཡོང་ཅི་ཡོང་ཏན་ཏན་བྱེད་ཀྱི་ཡོད། དེ་བཞིན་བོད་ཁྱིམ་ཁག་གཉིས་ཀྱིས་དེ་ཚོའི་ཐོག་སློབ་ཡོན་ཡག་ཐག་ཆོད་གནང་གི་ཡོད། ཉེ་བའི་གཙུག་ལག་རབ་འབྱམས་པ་དང་B.A དང་ གཙུག་ལག་རབ་འབྱམས་པ་M.A ཐོན་ཙམ་བྱུང་ན་འགྲིག་རྒྱུ་མེད།
   ཁྱེད་རང་ཚོའི་མི་ཚེ་དང་ང་ཚོའི་མི་ཚེ་འདྲ་གི་མི་འདུག ཁྱེད་རང་ཚོའི་མི་ཚེ་འདི་ཧ་ཅང་འགྲན་རྩོད་ Competitive ཆགས་ཀྱི་འདུག དཔེར་ན། བོད་མིའི་སྒྲིག་འཛུགས་ནང་ལས་ཀ་བྱེད་རྒྱུར་ས་མིས་ ༣༠-༤༠ ལས་མེད་པ་ཡིན་ན། དེར་སྙན་ཞུ་འབུལ་མཁན་ ༢༠༠-༣༠༠ ཡོང་གི་ཡོད། དེ་བཞིན་སློབ་གྲྭ་ཁག་དང་། ལས་ཀའི་སྡེ་ཚན་གང་དུ་ཡིན་ཡང་དེ་ལྟར་ཡོད། དཀའ་ལས་བརྒྱབ་ནས་ཕུལ་དུ་ཕྱིན་པ་ཆགས་རྒྱུ་གལ་ཆེན་པོ་རེད་དྲན་གྱི་འདུག ཁྱེད་རང་ཚོ་འདི་དགོངས་པར་འཇོག་རོགས་གནང་། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད།
    དེ་རྗེས་ཤེས་རིག་མདུན་ལམ་སློབ་སྟོན་ཚན་པའི་ལས་བྱེད་འཕྲིན་ལས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་གྲོལ།

སྔོན་མ།
རྩེ་ཕུད་ཡིག་གཟུགས་བྲིས་ཤོག་འགྲེམས་སྟོན།
ཕྱི་མ།
རིགས་ལམ་འདུ་འཛོམས་ཐེངས་བཞི་པའི་དབུ་འབྱེད་མཛད་སྒོ།
Menu