ཟླ་རེའི་གསར་འགྱུར།

འཛིན་རིམ་བཅུ་པའི་སློབ་ཕྲུག་རྣམས་ལ་འགོ་ཁྲིད་ནུས་པ་སྐྱེད་སྲིང་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་ཐེངས་གཉིས་པ་དབུ་འཛུགས་གནང་བ།

༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༢ ཉིན་གྱི་སྔ་དྲོར་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་དྷ་ཤོད་བོད་ཁྱིམ་ཚོགས་ཁང་ནང་རྒྱ་བལ་གཉིས་ཀྱི་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་པའི་སློབ་ཕྲུག་གྲངས་ ༣༠༢ ལ་འགོ་ཁྲིད་ནུས་པ་སྐྱེད་སྲིང་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་ཐེངས་གཉིས་པ་དབུ་འབྱེད་ཀྱི་མཛད་སྒོ་ཚོགས།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཙོས་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང་། ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས། ཤེས་རིག་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད། བོད་མིའི་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་པའི་སློབ་ཕྲུག་བཅས་ཚང་འཛོམས་ཀྱིས། ཐོག་མར་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་ཡོངས་ལ་རྗེས་དྲན་དང་མྱ་ངན་གུས་འདུད་མཚོན་ཆེད་ངག་བཅད་སྐར་མ་གཅིག་ཞུས་གྲུབ་བསྟུན། ཤེས་རིག་དྲུང་ཆེས་ཕེབས་བསུ་དང་འབྲེལ་ཟབ་སྦྱོང་ངོ་སྤྲོད་ཀྱི་གསུང་བཤད་གནང། དེ་རྗེས་ཤེས་རིག་བཀའ་བློན་མཆོག་གིས་གསུང་བཤད་གནང་དོན། དེ་རིང་སློབ་ཕྲུག་ཚོར་འགོ་ཁྲིད་ནུས་པ་སྐྱེད་སྲིང་གི་ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོར་ཕེབས་པའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་དང་། ཤེས་རིག་དྲུང་ཆེས་གཙོས་པའི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། སམ་བྷོ་ཊ་སྤྱི་ཁྱབ་འགན་འཛིན། དེ་བཞིན་བོད་ཁྱིམ་སྤྱི་ཁྱབ་འཛིན་སྐྱོང་གནང་མཁན་དང་ཤེས་ཡོན་འགན་འཛིན། དྷ་ཤོད་བོད་ཁྱིམ་གྱི་སློབ་སྤྱི་དང་དགེ་ཆེ། ཕྱོགས་མཐའ་ཁག་ནས་ཕེབས་པའི་འཛིན་རིམ་བཅུ་པའི་སློབ་ཕྲུག་དང་དགེ་རྒན་ཡོངས་ལ་ངས་འཚམས་འདྲི་ཞུ་རྒྱུ་དང་ཆབས་ཅིག་ཕྱི་ལོ་ ༢༠༡༥ ལོའི་གནམ་ལོ་གསར་ཚེས་ལ་རྣམ་པ་ཚོ་དང་། རྣམ་པ་ཚོའི་བརྒྱུད་ནས་སློབ་གྲྭ་ཁག་གི་སློབ་སྤྱིས་མཚོན་པའི་འཛིན་སྐྱོང་འགན་འཁུར་བ་དང་། དགེ་རྒན་ལས་བྱེད། སློབ་ཕྲུག་སོགས་མདོར་ན། བཙན་བྱོལ་ནང་ཤེས་ཡོན་གྱི་ལས་དོན་ཐོག་དངོས་ཤུགས་བརྒྱུད་གསུམ་ནས་ཕྱག་ལས་གནང་མཁན་ཡོངས་ལ་ཕྱི་ལོ་གསར་ཚེས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། འགོ་ཁྲིད་ཀྱི་ནུས་པ་ང་ཚོ་ཚང་མར་ཡོད་པ་དེ་དག་སྐྱེ་བར་བྱ་རྒྱུ་དང་། སྐྱེས་པ་རྣམས་རྒྱུན་རིང་པོ་བསྲིང་བར་བྱ་རྒྱུའི་དམིགས་ཡུལ་བཟུང་སྟེ། ཕྱི་ལོ་ ༢༠༡༤ ལོར་བཙན་བྱོལ་བོད་མིའི་སློབ་གྲྭ་ཡོངས་རྫོགས་ཀྱི་འཛིན་གྲྭ་བཅུ་པའི་སློབ་ཕྲུག་གྲངས་ ༣༡༠ ལ་འགོ་ཁྲིད་ནུས་པ་སྐྱེད་སྲིང་གི་ཟབ་སྦྱོང་སྤྲད་ཡོད།
སྐབས་དེར་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་སློབ་ཕྲུག་དང་། དགེ་རྒན་རྣམ་པ། ཟབ་ཁྲིད་པ་སོགས་སྤྱི་ཡོངས་ནས་ཟབ་སྦྱོང་འདི་བཞིན་ཧ་ཅང་ཡག་པོ་འདུག ཅེས་ཤེས་རིག་ལས་ཁུངས་སུ་མུ་མཐུད་བསམ་ཚུལ་མང་པོ་འབྱོར་བར་བརྟེན། ད་རེས་སློབ་ཕྲུག་གྲངས་ ༣༠༠ ལྷག་ཙམ་ལ་འགོ་ཁྲིད་ནུས་པ་སྐྱེད་སྲིང་གི་ཟབ་སྦྱོང་ཐེངས་གཉིས་པ་གོ་སྒྲིག་ཐུབ་པ་བྱུང་ཡོད། ཉིན་གྲངས་བརྒྱད་རིང་ཟབ་སྦྱོང་འདི་བཞིན་དྷ་རམ་ས་ལར་གོ་སྒྲིག་གནང་དགོས་དོན་ནི། ཕྱོགས་གཅིག་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་སྒར་ཡིན་པ་དང་། ཕྱོགས་གཞན་ཞིག་ནི། བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་ཡིན། རྣམ་པ་ཚོ་སློབ་གྲྭ་ཁག་འདྲ་མིན་ནས་ཕེབས་ཡོད་པར་བརྟེན། སློབ་གྲྭའི་གནས་སྟངས་དང་ཉམས་མྱོང་མི་འདྲ་བ་ཡོད་སྟབས་ཕན་ཚུན་བསམ་ཚུལ་བརྗེ་ལེན་དང་། གོ་བསྡུར་བྱ་རྒྱུ་སོགས་ཀྱི་དུས་སྐབས་ཀྱང་ཡོད།
འགོ་ཁྲིད་བརྗོད་རྒྱུ་དེ་ཧ་ཅང་གནད་འགག་ཆེན་པོ་ཆགས་ཡོང་གི་འདུག དཔེར་ན། རྒྱ་ནག་གཞུང་ལ་ཆ་མཚོན་ན། མི་འབོར་དང་དཔལ་འབྱོར། དྲག་ཤུགས་སོགས་གང་ཅིའི་ཐད་ཁ་གཏད་གཅོག་ཐབས་ཁག་པོ་རེད། འོན་ཀྱང་ང་ཚོས་སྤུས་ཚད་དང་། ནུས་པ། ཤེས་ཚད་ཐོག་ནས་ཏན་ཏན་ཁ་གཏད་གཅོག་ཐུབ་ཀྱི་རེད། བོད་ཀྱི་གནད་དོན་ནི་ཉིན་རེ་བཞིན་ཛ་དྲག་ཆེ་རུ་འགྲོ་བཞིན་པར་བརྟེན། མ་འོངས་པར་འགན་འཁུར་གནང་མཁན་ནི་སློབ་གྲྭ་ཁག་གི་ནང་ཡོད་པའི་སློབ་ཕྲུག་དེ་དག་ལས་གཞན་སུའང་མེད། དེར་བརྟེན་ཁྱེད་རང་ཚོ་མཐོང་བའི་སྐབས་སུ་ང་ཚོ་དགའ་བ་དང་། ༸གོང་ས་མཆོག་ཐུགས་དགྱེས་པ། གཞིས་བྱེས་བོད་མི་རྣམས་སྤོབས་པ་སྐྱེ་བ་དེ་འདྲ་ཡོང་གི་རེད། ཁྱེད་རང་ཚོས་སྲ་ཐག་ཐག་མ་བྱས་པ་ཡིན་ན། ང་ཚོ་བློ་ཕམ་པ་དང་། ༸སྐྱབས་མགོན་ཆེན་པོ་ཆེ་ཐུགས་ཕམ་པ། བོད་ནང་གི་བོད་མི་ཚོ་བློ་ཞུམ་པའི་གནས་སྟངས་ཆགས་ཀྱི་རེད། ང་ཚོར་མི་འབོར་ཡོད་པ་ཙམ་གྱི་ཕན་གྱི་མ་རེད། མི་འབོར་ཡོད་པ་དེ་དག་སྤུས་དག་པོ་དང་། དཔལ་འབྱོར་དང་ཆབ་སྲིད། འཛིན་སྐྱོང་སོགས་སྡེ་ཚན་ཁག་གི་ནང་འགོ་ཁྲིད་ཏན་ཏན་དགོས་ཀྱི་ཡོད། ང་ཚོ་ནི་མི་རིགས་ཀྱི་རྩ་དོན་འཐབ་རྩོད་བྱེད་མཁན་ཞིག་ཡིན་པར་བརྟེན། མི་རིགས་གཞན་དང་མི་འདྲ་བ་ཧ་ཅང་གི་འགན་ཆེན་པོ་ཡོད། སོ་སོའི་ཤེས་ཡོན་གཙོ་བོ་འཛིན་པའི་ཐོག་ནས་མི་རིགས་དང་། རྩ་དོན། དེ་བཞིན་འཛམ་གླིང་གི་སྡིངས་ཆའི་སྟེང་ཐོན་ཏེ་འགན་འཁུར་ཐུབ་མཁན་ང་ཚོར་དགོས་ཀྱི་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་།
དེ་ནས་སྲིད་སྐྱོང་མཆོག་གིས་ཟབ་སྦྱོང་བ་ཡོངས་ལ་འཚམས་འདྲི་གནང་བ་དང་ཆབས་ཅིག་གསུང་དོན། ཁྱེད་རང་ཚོ་ཐུག་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། དེ་རིང་ཕྱི་ལོ་ ༢༠༡༥ འགོ་བཙུགས་ནས་ཉིན་གཉིས་པ་དེ་ཆགས་ཡོད། བཀའ་ཤག་གི་ཐོག་ནས་ལོ་འདིའི་དབུ་འབྱེད་ཀྱི་མཛད་སྒོ་ཐེངས་དང་པོ་དེ་ཆགས་ཡོད། ཤེས་རིག་ལས་ཁུངས་ཀྱི་ངོས་ནས་ཀྱང་ཕྱི་ལོ་ ༢༠༡༥ ལོའི་ལས་གཞི་ཐོག་མ་དེ་ཆགས་ཡོད། འདི་ནི་རྟེན་འབྲེལ་བཟང་པོ་ཞིག་རེད་བསམས་ཀྱི་འདུག རྣམ་པ་ཚོས་ལོ་གསར་པའི་ཁས་ལེན་དམ་བཅའ་དེ་མ་འོངས་འགོ་ཁྲིད་བྱེད་ཀྱི་ཡིན་ཞེས་པ་དེ་འཇོག་དགོས། བཀའ་ཤག་གི་ངོས་ནས་ཤེས་ཡོན་དེ་གལ་འགངས་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་པ་ལྟར། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་ཀྱང་ཤེས་ཡོན་ཐོག་སྔར་ལྷག་གོ་སྐབས་དང་མཐུན་རྐྱེན་བསྐྲུན་བཞིན་ཡོད། ལྷག་པར་ཤེས་ཡོན་ནི་འགོ་ཁྲིད་ཀྱི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན་སྟབས། ཉིན་གྲངས་བརྒྱད་རིང་གི་ཟབ་སྦྱོང་དེ་ཆུད་ཟོས་སུ་མི་འགྲོ་བར་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་།
སྤྱིར་ཟབ་སྦྱོང་འདིའི་ནང་རྒྱ་གར་དང་བལ་ཡུལ་ཁུལ་གྱི་བོད་པའི་སློབ་གྲྭ་ཁག་ ༣༡ གི་འཛིན་རིན་བཅུ་པའི་བུ་ ༡༤༠ དང་བུ་མོ་ ༡༦༢ བཅས་ཁྱོན་སློབ་ཕྲུག་ ༣༠༢ དང་སློབ་སྤྱི་དང་དགེ་ལས་ ༤༠ ལྷག་ཕེབས་ཡོད་འདུག ཉིན་གྲངས་བརྒྱད་རིང་གི་ཟབ་སྦྱོང་སྐབས་སློབ་ཕྲུག་ཚོར་བརྗོད་གཞི་མི་འདྲ་བ་ཁག་ ༡༩ ཙམ་གྱི་ཐོག་ཟབ་ཁྲིད་དང་། སློབ་ཕྲུག་ཕན་ཚུན་ངོ་སྤྲོད་མཚོན་པས་ཤེས་ཡོན་སྐོར་བགྲོ་གླེང་གནང་རྒྱུ་ཡིན་འདུག ཟབ་ཁྲིད་གནང་མཁན་ཁོངས་སུ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་ཁག་གཅིག་དང་། ཁྱད་ལས་མི་སྣ་མང་དག་ཅིག་གདན་ཞུ་གནང་ཡོད་འདུག་པ་བཅས།།

སྔོན་མ།
ཐའེ་ཝན་སྐད་ཡིག་སློབ་སྦྱོང་ཆེད་བདམས་ཐོན་བྱུང་བའི་མིང་ཐོ།
ཕྱི་མ།
ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་སྦེང་ལོར་ཁུལ་དུ་བྱིས་པའི་ཀློག་རྩལ་ཁྲིད་ཐབས་ཀྱི་ཟབ་སྦྱོང་མཇུག་སྒྲིལ་བ།