ཟླ་རེའི་གསར་འགྱུར།

རྡོར་གླིང་དབུས་བོད་མིའི་གཏན་སློབ་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩིའི་གྲ་སྒྲིག་ཞུ་བཞིན་པ།

གསར་འཕྲིན།

༄༅། །འདི་གར་བོད་ཡིག་ཚན་པའི་གསར་འགོད་པས་རྡོར་གླིང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ ༡༠ ཚེས་ ༡༨ ཉིན་རྒྱ་གར་བྱང་ཤར་རྡོར་གླིང་དབུས་བོད་མིའི་གཏན་སློབ་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་མཛད་སྒོ་ཉིན་གསུམ་རིང་གནང་རྒྱུའི་གྲ་སྒྲིག་ཞུ་བཞིན་འདུག
དེ་ཡང་སློབ་གྲྭའི་ཚོགས་ཁང་གི་གཙོས་སློབ་གྲྭའི་ཁོར་ཡུག་དང་ལམ་གྱི་གཡས་གཡོན་སོགས་ལ་གཙང་སྦྲ་གང་ལེགས་ཐོག་སློབ་ཕྲུག་རྣམས་ཀྱིས་ཚོན་རྩི་བྱུག་པ་དང་། དར་ཚོན་གཏོང་བཞིན་འདུག་ལ་མཛད་སྒོ་དངོས་གཞིར་རྒྱ་གར་དབུས་བོད་སློབ་འཛིན་ཚོགས་ཀྱི་གནད་ཡོད་སྐུ་མགྲོན་དང་། བོད་མིའི་སྒྲིག་འཛུགས་སྐུ་མགྲོན། དགེ་རྒན་ལས་བྱེད་ཟུར་པ། ཀ་རྡོར་སྒང་གསུམ་ནས་སློབ་ཟུར་དང་། ཚོགས་སྐྱིད་ཁག་ནས་སྐུ་མགྲོན། སློབ་ཕྲུག་གི་ཕ་མ་བཅས་གང་མང་ཞིག་ཕེབས་ཀྱི་ཡོད་པ་མ་ཟད། ཕྱི་ཚེས་ ༡༩ ཉིན་སྔ་དྲོ་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུས་སྐུ་མགྲོན་གལ་ཆེ་ཁག་གཅིག་གི་གསུང་བཤད་གནང་རྒྱུ་ཡིན་འདུག ཉིན་རྒྱབ་ལོ་ངོ་ལྔ་བཅུའི་དཔར་རིགས་འགྲེམས་སྟོན་དང། ཤེས་རིག་བགྲོ་གླེང་། དེ་བཞིན་རིག་གཞུང་འཁྲབ་སྟོན་སོགས་གནང་རྒྱུ་ཡིན་འདུག
ཕྱི་ཚེས་ ༢༠ ཉིན་སྔ་དྲོ་སློབ་ཟུར་ལྷན་འཛོམས་ཀྱིས་ཕན་ཚུན་བསམ་ཚུལ་དང་ཉམས་མྱོང་བརྗེ་རེས། ལོ་ངོ་བཅུ་རེའི་ནང་གི་འཛིན་གྲྭ་སྐབས་སོ་སོའི་སློབ་ཟུར་གཉིས་རེ་ནས་གསུང་བཤད་གནང་རྒྱུ། ཉིན་རྒྱབ་སློབ་ཕྲུག་དང་སློབ་ཟུར་དབར་ལག་རྩེད་སྤོ་ལོའི་འགྲན་བསྡུར་གནང་རྒྱུ་དང་། དེ་བཞིན་རྩེད་རིགས་སྣ་ཚོགས་དང་སློབ་ཟུར་རྣམས་ཀྱི་རིག་གཞུང་འཁྲབ་སྟོན་གནང་རྒྱུ་ཡིན་འདུག ཕྱི་ཚེས་ ༢༡ ཉིན་བོད་མིིའི་སྒྲིག་འཛུགས་ཀྱི་བཀའ་ཁྲི་བློ་བཟང་སེང་གེ་མཆོག་དང་། རྒྱ་གར་དབུས་བོད་སློབ་འཛིན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་མཆོག  རྡོར་གླིང་ས་གནས་དཔོན་རིགས་བཅས་ཀྱིས་གསུང་བཤད་གནང་རྗེས་སྐུ་མགྲོན་རྣམ་པར་དྲན་རྟེན་ཕྱག་རྟགས་འབུལ་རྒྱུ་དང་། ལོ་ངོ་ལྔ་བཅུའི་དཔར་རིགས་འགྲེམས་སྟོན་སློབ་གྲྭའི་སྡེ་ཚན་ཁག་ཏུ་གཟིགས་སྐོར། ཉིན་རྒྱབ་སློབ་ཟུར་མཉམ་འཛོམས་ཀྱི་བསམ་ཚུལ་བརྗེ་ལེན་སོགས་གནང་རྒྱུ་ཡིན་འདུག་པ་བཅས།།

ཡོང་ཁུངས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ།

སྔོན་མ།
བོད་ཀྱི་བརྡ་སྤྲོད་ཀྱི་ཟབ་སྦྱོང་།
ཕྱི་མ།
ཨིན་ཡུལ་རི་ཅཌ་སན་དགེ་རྩ་ཚོགས་པའི་སློབ་ཡོན་ཕྱིར་འགྱངས་ཞུས་པ།
Menu