ཟླ་རེའི་གསར་འགྱུར།

རྩིས་བླངས་ཟིན་པའི་སློབ་གྲྭ་ཁག་ཅིག་ལ་ཤེས་རིག་དང་སམ་བྷོ་ཊ་བོད་སློབ་ཀྱི་སྐུ་ཚབ་ཀྱིས་འཚམས་གཟིགས་གནང་།

གསར་འཕྲིན།

༄༅། །འདི་ག་ཤེས་རིག་ལས་ཁུངས་དང་སམ་བྷོ་ཊ་བོད་སློབ་ཚོགས་པའི་སྐུ་ཚབ་རྣམ་པ་གཉིས་ཉེ་ཆར་དབུས་བོད་སློབ་འཛིན་ཚོགས་ནས་རྩིས་བླངས་ཟིན་པའི་བྱང་ཤར་ཁུལ་གྱི་མེའོ་དང༌། ཏེ་ཛུ། བསྟན་འཛིན་སྒང་བཅས་ཀྱི་སློབ་གྲྭ་ཁག་ཏུ་འཚམས་གཟིགས་གནང་ཡོད།
ཤེས་རིག་དྲུང་ཚབ་ཀརྨ་སེང་གེ་ལགས་དང་སམ་བྷོ་ཊ་བོད་སློབ་ཚོགས་པའི་ལས་འཆར་འགན་འཛིན་ཚེ་དབང་ནོར་བུ་ལགས་གཉིས་ཉེ་ལམ་རྒྱ་གར་དབུས་བོད་སློབ་འཛིན་ཚོགས་ནས་རྩིས་ལེན་ཞུས་ཟིན་པའི་མེའོ་དང༌། ཏི་ཛུ། བསྟན་འཛིན་སྒང་བཅས་ཀྱི་སློབ་གྲྭ་ཁག་ཏུ་འཚམས་གཟིགས་དང་སྦྲགས་གནས་སྟངས་རྟོག་ཞིབ་ཞུ་སླད་ ༢༠༡༦ ཟླ་ ༨ ཚེས་ ༢༡ ཉིན་ནས་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་པ་ལྟར། ༢༠༡༦ ཟླ་ ༨ ཚེས་ ༢༢ ཉིན་མེའོ་ས་གནས་དང་ཚེས་ ༢༤ ཉིན་ཏི་ཛུ་ས་གནས་བཅས་སུ་འབྱོར་ཏེ་ས་གནས་དེ་དག་ནང་ཡོད་པའི་སྔོན་འགྲོའི་སློབ་གྲྭ་དང༌། བུ་བཅོལ་ཁང༌། དེ་བཞིན་ཉེ་ཆར་དབུས་བོད་སློབ་འཛིན་ཚོགས་ནས་རྩིས་ལེན་ཞུས་པའི་སློབ་གྲྭ་ཁག་བཅས་སུ་གཟིགས་སྐོར་གྱིས་སློབ་ཕྲུག་དང་དགེ་རྒན་རྣམས་ལ་ཐུག་འཕྲད་གནང་སྟེ་དགེ་ལས་སློབ་ཕྲུག་ཡོངས་ནས་སྔར་ལྷག་ཤེས་ཡོན་ཡར་རྒྱས་གཏོང་ཐབས་སུ་ཤུགས་སྣོན་རྒྱག་དགོས་པའི་ལམ་སྟོན་ཞུ་སྒོ་ཁག་ཞུས།
དེ་བཞིན་སློབ་གྲྭའི་འཛིན་ཁང་དང་ལས་ཤག་བཅས་སུ་གཟིགས་སྐོར་གནང༌། སློབ་ཕྲུག་དང༌། དགེ་ལས་རྣམས་ལ་ཟུར་དུ་བཞུགས་མོལ་གྱིས་དབུས་བོད་སློབ་འཛིན་ཚོགས་ནས་སློབ་གྲྭ་རྩིས་ལེན་ཞུ་དགོས་པའི་དམིགས་ཡུལ་དང༌། རྩིས་སྤྲོད་རྩིས་ལེན་གྱི་བརྒྱུད་རིམ། སྃ་བྷོ་ཊ་བོད་སློབ་ཚོགས་པས་རྩིེས་ལེན་ཞུས་རྗེས་བོད་ཕྲུག་གི་ཤེས་ཡོན་སྔར་ལྷག་ཡར་རྒྱས་གཏོང་དགོས་གལ་སྐོར་ལམ་སྟོན་སློབ་གསོ་གནང༌། དེ་ཡང་སློབ་ཕྲུག་ཚོར་སོ་སོའི་ངོས་ནས་སློབ་སྦྱོང་ལ་འབད་བརྩོན་དང་བཟང་སྤྱོད་གང་ལེགས་གནང་རྒྱུ་གལ་ཆེན་པོ་ཡིན་ཞེས་གསུངས། དེ་བཞིན་ས་གནས་འགོ་འཛིན་དང༌། ས་གནས་འཐུས་ཚོགས་ཀྱི་ཚོགས་མི། སློབ་གྲྭའི་དགེ་ཆེ་ལས་ཚབ། མཉམ་འབྲེལ་ཚོགས་གཙོ། དགེ་རྒན་ཕ་མའི་འཐུས་མི། གཞིས་གྲོང་ཁག་གི་སྤྱི་མི། མང་ཚོགས་བཅས་ཚང་འཛོམས་སར་བོད་སློབ་འཛིན་ཚོགས་ནས་རྩིས་ལེན་ཞུས་ཟིན་པའི་སློབ་ཁག་སྐོར་ངོ་སྤྲོད་དང་སྦྲགས་སླད་མི་སྤྱི་དང་ལྷག་པར་ཕ་མའི་ངོས་ནས་སློབ་ཕྲུག་གི་ཤེས་ཡོན་ཐོག་སྔར་ལྷག་ཐུགས་སྣང་གནང་གལ་ཆེ་བ་སོགས་ལམ་སྟོན་གནང་བ་མ་ཟད། མང་ཚོགས་ངོས་ནས་ཀྱང་སློབ་གྲྭར་མཐུན་འགྱུར་ཞུ་དགོས་རིགས་གང་ཐུབ་གནང་ཐབས་ཡོང་བའི་འབོད་སྐུལ་ཞུས།
དེ་རྗེས་ཕ་མའི་ཚོགས་ཆུང་གི་ཚོགས་མི་དང་ལྷན་འཛོམས་ཐོག་སློབ་གྲྭའི་གནས་སྟངས་ཡར་རྒྱས་གཏོང་ཕྱོགས་དང་འབྲེལ་བའི་ལས་དོན་སྐོར་གོ་བསྡུར་ཞུས།  དེའི་རྗེས་བསྟན་འཛིན་སྒང་སློབ་གྲྭར་འཚམས་གཟིགས་གནང་རྒྱུ་བཅས།།

སྔོན་མ།
ཆོས་དགེའི་མཚན་གནས་བརྗེ་བསྒྱུར་དང་འབྲེལ་བའི་སྐོར།
ཕྱི་མ།
ཤེས་རིག་བཀའ་བློན་མཆོག་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་མིའི་སློབ་གྲྭ་ཁག་ལ་འཚམས་གཟིགས་སུ་ཕེབས་པ།
Menu