ཟླ་རེའི་གསར་འགྱུར།

ཤེས་ཡོན་མཁས་པའི་སློབ་སྟོན་གྱི་ལྷན་ཚོགས་ཐེངས་དང་པོའི་ཐོག་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༥ དང་ ༦ བཅས་ཉིན་གྲངས་གཉིས་རིང་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་འདི་ག་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་ཤེས་ཡོན་མཁས་པའི་སློབ་སྟོན་གྱི་ལྷན་ཚོགས་ཐེངས་དང་པོ་བསྐྱངས་པ་དང། ལྷན་ཚོགས་དེའི་ཐོག་ཤེས་རིག་བཀའ་བློན་དང་སྲིད་སྐྱོང་གཅིག་ལྕོགས་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་དོན།
    འདི་གར་འདུ་འཛོམས་བྱུང་བའི་མཁས་དབང་རྣམ་པ་སྐུ་ངལ་འཛེམས་མེད་ཀྱིས་དེ་རིང་འདིར་ཕེབས་ཐུབ་པ་ཤེས་རིག་ལས་ཁུངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྣམ་པ་ཚོར་ཁ་སང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཐོབ་ཡོད། མཇལ་ཁའི་སྐབས་༸གོང་ས་མཆོག་གིས་བཀའ་སློབ་དང་ཐུགས་རྗེའི་བྱིན་རླབས་ཐོབ་པར་བརྟེན་འབྱུང་འགྱུར་ཉིན་གཉིས་རིང་མགོན་པོ་གང་ཉིད་མཆོག་གི་ཐུགས་ཀྱི་འཆར་སྣང་ལྟར་ང་ཚོས་ཤེས་ཡོན་མཁས་པའི་སློབ་སྟོན་གྱི་ལྷན་ཚོགས་ཐེངས་དང་པོ་འདིར་གོ་བསྡུར་སྦྱང་བཤད་ལྷུག་པོ་དང་ཕྱུག་པོ་ཡོང་རྒྱུ་ཙམ་མ་ཟད། རྣམ་པ་ཚོས་ལམ་སྟོན་དང་ཉམས་མྱོང། དེ་བཞིན་དགོངས་འཆར་སོགས་ལ་བརྟེན་ནས་མ་འོངས་པར་བོད་ཕྲུག་ཚོའི་ཤེས་ཡོན་གནས་ཚད་གོང་མཐོར་གཏོང་ཆེད་ཕན་ཐོགས་ཧ་ཅང་ཆེན་པོ་ཡོང་བའི་རེ་བ་ཞུ་བཞིན་ཡོད་ལ། ལྷན་ཚོགས་འདིའི་དམིགས་ཡུལ་ཡང་དེ་ཡིན། ད་ཐེངས་ལྷན་ཚོགས་འདི་ལྟ་བུ་ཞིག་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པ་ཐོག་མ་ཆགས་ཡོད་སྟབས། འགོ་འཛུགས་རྒྱུར་དེ་ཙམ་དཀའ་ངལ་མེད་ནའང། གྲུབ་འབྲས་ལམ་སང་ཐོན་རྒྱུ་དཀའ་ངལ་ཡོད་པས། ལྷན་ཚོགས་འདི་བརྒྱུད་བོད་ཕྲུག་ཚོའི་ཤེས་ཡོན་ཡར་རྒྱས་གཏོང་ཐུབ་པ་བྱ་རྒྱུ་ནི་ང་ཚོའི་ལས་འགན་ཆགས་ཡོད། ད་ཐེངས་ལྷན་ཚོགས་འདིའི་ཆེད་མཁས་པའི་མི་སྣ་འདེམས་སྒྲུག་བྱ་རྒྱུར་ང་ཚོ་ཤེས་རིག་ལས་ཁུངས་ལ་དཀའ་ངལ་ཧ་ཅང་འཕྲད་བྱུང། དེར་བརྟེན་ཁྱེད་རྣམ་པས་འབྱུང་འགྱུར་བོད་ཕྲུག་ཚོའི་ཤེས་ཡོན་གནད་ཚད་ཇེ་མཐོར་གཏོང་སླད་མཐུན་འགྱུར་དང་བྱས་རྗེས་ངེས་ཅན་འཇོག་རྒྱུའི་རེ་བ་ཞུ་རྒྱུ་ཡིན།
    ང་རང་ཆུང་དུས་རྡོར་གླིང་ཁུལ་དུ་འཚར་ལོངས་བྱུངབས། བོད་པའི་ཁྱིམ་ཚང་ཉུང་ངུ་ལས་མེད། མང་ཆེ་བ་བལ་པོ་མི་རིགས་ཡིན་སྟབས་སྐབས་གཅིག་ལ་ངས་བོད་སྐད་ལས་བལ་སྐད་བདེ་བ་བརྒྱབ་མྱོང་ཡོད། དེ་རྗེས་བོད་པའི་སློབ་གྲྭར་ཕྱིན་པ་ཡིན། རྒྱ་གར་དང་བོད་པའི་དགེ་རྒན་གཉིས་ཀ་ནས་ཕན་ཐོགས་ཧ་ཅང་ཆེན་པོ་བྱུང། ཞེས་སོགས་གསུངས་པ་མ་ཟད། བཀའ་ཤག་སྐབས་བཅུ་བཞི་པའི་ཤེས་ཡོན་གལ་ཆེ་ཤོས་སུ་ངོས་འཛིན་པའི་ལངས་ཕྱོགས་བཟུང་ཡོད། གང་ཡིན་ཞུ་ན་བོད་མི་རིགས་ཀྱི་འཐབ་རྩོད་དེ་བཞིན་འབྱུང་འགྱུར་མི་ལོ་ ༥༠ ལྷག་འགོར་ནས་བཙན་བྱོལ་ནང་གནས་དགོས་བྱུང་ཡང། འཐབ་རྩོད་ཀྱི་ངར་ཤུགས་དེ་གཙོ་བོ་ཤེས་ཡོན་ཐོག་ནས་ཡོང་དགོས་སྟབས། ང་ཚོས་ཤེས་ཡོན་དེ་ཡར་རྒྱས་ཇི་འདྲ་གཏོང་དགོས་མིན་བཅས་ཀྱི་ཐོག་གྲ་སྒྲིག་གང་ཡོང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཤེས་ཡོན་ཐོག་ལ་ཆ་བཞག་ན་ཕྱོགས་གཅིག་ནས་རྒྱ་གར་གྱི་སྲིད་བློན་ནེ་རུ་མཆོག་དང་༸གོང་ས་མཆོག་གི་ཐུགས་ཀྱི་དགོངས་འཆར་དང་མཐུན་པའི་ཐོག་ནས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་བཙུགས་ཏེ། ད་བར་སྤྱི་ཡོངས་ཀྱི་ཡི་གེ་འབྲི་ཀློག་ཤེས་མཁན་གྱི་བརྒྱ་ཆར་གཟིགས་པ་ཡིན་ན། བརྒྱ་ཆ་ ༨༤ % ལྷག་ཡིན། བརྒྱ་ཆ་འདི་པ་ཀི་སི་ཐན་དང་བལ་ཡུལ། ཨཕ་གྷ་ནི་སི་ཐན་སོགས་ལས་མཐོ་བ་ཆགས་ཡོད།
    ལྷག་པར་གཞིས་ལུས་བོད་མི་ཚོའི་ཡི་གེ་འབྲི་ཀློག་གི་གནས་ཚད་དང་བསྡུར་བ་ཡིན་ན་ཞེ་དྲགས་མཐོ་བ་ཡོད། གཞིས་ལུས་བོད་མིའི་ཡི་གེ་འབྲི་ཀློག་གི་གནས་ཚད་དེ་བརྒྱ་ཆའི་ཐོག་ནས་ལྟ་སྐབས་བརྒྱ་ཆ་ ༤༠ %། ༥༠ % ཡིན། དེར་བརྟེན་གནས་སྟངས་དེ་དག་དང་བསྡུར་ན་བཙན་བྱོལ་བོད་མི་ཚོས་ཤེས་ཡོན་ཐོག་གྲུབ་འབྲས་ཆེན་པོ་ཐོན་ཡོད། དེ་ལྟར་ནའང་བཙན་བྱོལ་བོད་མིའི་སློབ་ཕྲུག་རྒྱ་གར་མཐོ་སློབ་རྩེ་ཕུད་ནང་འགྲོ་མཁན་ཧ་ཅང་དཀོན་པོ་ཡིན། དཔེར་ན། རྒྱ་གར་གྱི་ཤེས་ཡོན་བསྟི་གནས་ཁང་ཨ་ཡི་ཨ་ཡི་ཊི་ (IIT) དང་ཡང་ན་ཨ་ཡི་ཨ་ཡི་ཨེམ་ (IIM) དང། གཞན་ཡང་སན་སི་ཊི་ཕན་སློབ་གྲྭ་སོགས་ཀྱི་ནང་བོད་ཕྲུག་ཧ་ཅང་དཀོན་པོ་ཡིན་ཡང། ཤེས་ཡོན་གྲུབ་འབྲས་ལ་བརྒྱ་ཆའི་ཐོག་ནས་ལྟ་སྐབས་བཙན་བྱོལ་ནང་གྲུབ་འབྲས་ཡག་པོ་སོན་ཡོད། སྐད་ཡིག་ལ་ཆ་མཚོན་ན། དེང་སྐབས་བོད་པའི་སློབ་གྲྭ་ཚོའི་སྐད་ཡིག་བརྒྱུད་ལམ་དེ་བཞིན་དབྱིན་སྐད་ཡིན་ནའང། ང་ཚོས་སློབ་གྲྭའི་ནང་དབྱིན་སྐད་རྒྱག་གི་མེད། དེར་བརྟེན་སྐད་ཡིག་ཡར་རྒྱས་ཇི་ལྟར་གཏོང་དགོས་མིན་ཐོག་བསམ་བློ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་འདུག འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་ཡར་རྒྱས་ཚན་པའི་ (UNESCO) སྙན་ཐོའི་ནང་སློབ་ཁྲིད་སྐབས་སྐད་ཡིག་བརྒྱུད་ལམ་ཡག་ཤོས་དེ་མ་སྐད་ཡིན་པ་འཁོད་ཡོད། ང་ཚོར་མཚོན་ན་མ་སྐད་དེ་བོད་སྐད་ཆགས་ཡོད། དེར་བརྟེན་ང་ཚོས་བུ་བཅོལ་ཁང་ནས་འཛིན་རིམ་བཅུ་གཉིས་བར་བོད་སྐད་བརྒྱུད་ལམ་ཐོག་ནས་ཤེས་ཡོན་སྤྲོད་དགོས་པ་ལྟ་བུ་ཆགས་ཡོད་ཀྱང། ང་ཚོ་རྒྱ་གར་ནང་སྐྱབས་བཅོལ་བྱས་ནས་གནས་ཡོད་པར་བརྟེན། རྒྱ་གར་མཐོ་སློབ་ཁག་ཏུ་གཙོ་བོ་དབྱིན་སྐད་བརྒྱུད་ལམ་བེད་སྤྱོད་བྱེད་བཞིན་ཡོད། ད་ལྟའི་འཆར་ང་ཚོས་འཛིན་རིམ་དང་པོ་ནས་ལྔ་པའི་བར་བོད་སྐད་བརྒྱུད་ལམ་ཐོག་ནས་སློབ་ཁྲིད་བྱེད་བཞིན་ཡོད། འོན་ཀྱང་དཀའ་ངལ་གང་ཡོད་བརྗོད་ན་ད་ལྟའི་བོད་སྐད་བརྒྱུད་ལམ་ཐོག་ནས་སློབ་ཁྲིད་བྱ་རྒྱུ་དེ་འཛིན་གྲྭ་ལྔ་པ་ཙམ་མིན་པར། འབྲིང་རིམ་སློབ་གྲྭ་དང་སློབ་གྲྭ་ཆེ་བའི་གནས་ཚད་བར་བཟོ་ཐུབ་བམ། དེ་ལྟར་བྱས་པ་ཡིན་ན་དཀའ་ངལ་གང་ཞིག་འཕྲད་དམ་ཞེ་ན། སློབ་ཕྲུག་རྣམས་འཛིན་རིམ་བཅུ་གཉིས་ཐོན་རྗེས་རྒྱ་གར་མཐོ་སློབ་ཁག་ཏུ་བསྐྱོད་དགོས། རྒྱ་གར་མཐོ་སློབ་ཁག་གི་ནང་སློབ་ཁྲིད་བརྒྱུད་ལམ་དབྱིན་སྐད་ཆགས་ཡོད།
    ཕྱོགས་གཅིག་ནས་ཕ་རན་སི་དང་ཉི་འོང། འཇར་མན། དེ་བཞིན་སི་པེན་སོགས་རྒྱལ་ཁབ་དེ་དག་ནང་སློབ་ཁྲིད་སྐད་ཡིག་རང་གི་ཕ་སྐད་བཞག་ཡོད། དེར་བརྟེན་བཙན་བྱོལ་བོད་མི་ཚོས་ཀྱང་སློབ་ཁྲིད་སྐད་ཡིག་བརྒྱུད་ལམ་བོད་སྐད་རང་འཇོག་རྒྱུ་ཡིན་ཟེར་ན། ང་ཚོ་ཕྱོགས་གཅིག་ནས་རྒྱ་གར་ནང་བཙན་བྱོལ་བ་ཆགས་ཡོད། སློབ་སྦྱོང་གི་ཆ་རྐྱེན་སོགས་དང་ཁོར་ཡུག་འདི་རྒྱ་གར་གྱི་ཁོར་ཡུག་གཅིག་ཆགས་ཡོད་པ་མ་ཟད། སློབ་ཁྲིད་བྱ་རྒྱུའི་སྐད་ཡིག་བརྒྱུད་ལམ་དེ་ཡང་དབྱིན་སྐད་ཆགས་ཡོད། རྒྱ་གར་ནང་ཆ་མཚོན་ན་ས་གནས་འགའ་ཤས་ལ་ཡུལ་སྐད་ཐོག་ནས་སློབ་ཁྲིད་བྱེད་བཞིན་ཡོད། དཔེར་ན་བྷེང་གྷ་ལིའི་སློབ་གྲྭའི་ནང་སློབ་ཁྲིད་བརྒྱུད་ལམ་བྷེང་གྷ་ལི་ཆགས་ཡོད། འོན་ཀྱང་སློབ་གྲྭ་དེ་དག་ནས་ཐོན་པའི་སློབ་ཕྲུག་རྣམས་མཐོ་སློབ་ཁག་གི་ནང་བསྐྱོད་སྐབས་ཇི་འདྲ་བྱེད་བཞིན་ཡོད་མེད་དང། ཁོང་ཚོའི་ཤེས་ཡོན་གྱི་གནས་ཚད་ཀྱི་གྲུབ་འབྲས་ཇི་འདྲ་ཞིག་བསླེབས་ཀྱི་ཡོད་པ་དེ་ཚོ་ང་ཚོས་ལྟ་དགོས་པ་དང་གནས་སྟངས་དེ་དག་ང་ཚོས་གདོང་ལེན་བྱེད་དགོས་པ་ཡིན། ད་ལྟའི་འཆར་ང་ཚོར་དགེ་རྒན་འོས་ཆོས་ཚང་བ་ཞིག་ཐོབ་རྒྱུར་དཀའ་ངལ་འཕྲད་བཞིན་པ་མ་ཟད། ལྷག་པར་ཚན་རིག་དང་ཨང་རྩིས་དགེ་རྒན་ཚད་ལོང་བ་ཞིག་ཐོབ་རྒྱུར་དཀའ་ངལ་འཕྲད་བཞིན་ཡོད།
    དེར་བརྟེན་འདས་པའི་ལོ་འགའ་ཤས་རིང་ང་ཚོས་དམིགས་ཡུལ་གཙོ་བོ་དེ་ཚན་རིག་དང་ཨང་རྩིས་དགེ་རྒན་གང་མང་ཐོན་རྒྱུར་འབད་བརྩོན་བྱས་ཡོད། འོན་ཀྱང་ཕྱོགས་གཞན་ཞིག་ནས་ལྟ་སྐབས་ང་ཚོས་འབྱུང་འགྱུར་ལོ་ལྔ་བཅུའི་རིང་བོད་དོན་འཐབ་རྩོད་མུ་མཐུད་གནས་དགོས་ན། ཨང་རྩིས་མཁས་པ་དང་ཚན་རིག་པ་མང་བ་དགོས། ཡང་ན། རང་དབང་འཐབ་རྩོད་པ་དང་འགོ་ཁྲིད་མང་བ་དགོས། ཆབ་སྲིད་འཐབ་རྩོད་ཀྱི་ཐོག་ནས་བལྟས་པ་ཡིན་ན། ང་ཚོར་འགོ་ཁྲིད་མང་པོ་དགོས། དེ་འདྲ་ཡོང་བར་ང་ཚོར་ཆབ་སྲིད་ཚན་རིག་དང་རྒྱལ་སྤྱིའི་འབྲེལ་ལམ་སྐོར་དང། ཁྲིམས་ལུགས་རིག་པ་སོགས་ལ་མཁས་པ་གང་མང་ཐོན་དགོས། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད།།

སྔོན་མ།
གཏན་ཉིན་སློབ་གྲྭ་ཁག་གི་རྒན་བདག་རྣམས་ལ་འགོ་ཁྲིད་གནང་ཕྱོགས་ཀྱི་ཟབ་སྦྱོང་ཞིག་འགོ་འཛུགས་གནང་བ།
ཕྱི་མ།
ཤེས་ཡོན་མཁས་པའི་སློབ་སྟོན་ལྷན་ཚོགས་ཐེངས་དང་པོ་དབུ་འཛུགས་གནང་བ།
Menu