ཟླ་རེའི་གསར་འགྱུར།

ཤེས་ཡོན་སྲིད་བྱུས་ཕྱག་བསྟར་གནང་ཡུལ་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་ཆེའི་དམིགས་བསལ་ཚོགས་འདུ་མཇུག་བསྡོམས་གནང་བ།

༄༅། །འདི་ག་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་ཐོག་ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༢༧ དང་ ༢༨ བཅས་ཉིན་གྲངས་གཉིས་རིང་དྷ་ས་གངས་སྐྱིད་ལས་བྱེད་གསོལ་ཐབ་ཡང་སྟེང་གཉའ་ཁྲི་ཚོགས་ཁང་ནང་ཤེས་ཡོན་སྲིད་བྱུས་ཕྱག་བསྟར་གནང་ཡུལ་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་ཆེའི་དམིགས་བསལ་ཚོགས་འདུ་སྐོང་ཚོགས་གནང་བ་དང་། ཕྱི་ཚེས་ ༢༨ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢།༣༠ ཐོག་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་ཀྱིས་ཚོགས་འདུ་མཇུག་བསྡོམས་གསུང་བཤད་གནང་།
དེ་ཡང་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་དང་། སམ་བྷོ་ཊའི་   སྤྱི་ཁྱབ་འགན་འཛིན། ཤེས་རིག་ལས་ཁུངས་ཀྱི་ཚན་པ་ཁག་གི་འགན་འཛིན་རྣམ་པ། འབྲེལ་ཡོད་ལས་བྱེད། ལ་དྭགས་བོད་ཁྱིམ་གྱི་སློབ་སྤྱི་དང་། ལ་དྭགས་ཧན་ལེ་བོད་ཁྱིམ་གྱི་དགེ་ཆེ། སམ་བྷོ་ཊའི་ཁྱབ་ཁོངས་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་ཆེ་བཅས་ལྷན་འཛོམས་ཐོག་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་ཀྱིས་དམིགས་བསལ་ཚོགས་འདུའི་གྲོས་ཆོད་ཁག་སྒྲོགས་སྦྱང་ཞུས་གྲུབ་མཚམས་མཇུག་བསྡོམས་གསུང་བཤད་གནང་དོན།
དེ་རིང་ཉིན་གྲངས་གཉིས་རིང་གི་ཚོགས་འདུའི་མཇུག་བསྡོམས་མཛད་སྒོ་ཆགས་ཀྱི་ཡོད། ཉིན་གྲངས་གཉིས་རིང་གི་ཚོགས་འདུ་འདི་ཕན་ཚུན་བསམ་ཚུལ་གོ་བསྡུར་དང་། མྱོང་བ་བརྗེ་ལེན། གནས་ཚུལ་གསེད་བཀྲོལ་བྱ་རྒྱུ་སོགས་ཧ་ཅང་ཕན་ཐོགས་ཆེན་པོ་བྱུང་བསམ་པ་ལྟ་བུ་བྱུང་། ཉིན་གྲངས་གཉིས་རིང་རྣམ་པ་ཚོས་ཐུགས་སྣང་ཆེན་པོས་ས་གནས་སོ་སོར་ནམ་རྒྱུན་ཕྱག་ལས་གང་གནང་གི་ཡོད་པའི་སྙན་ཐོ་སྒྲོགས་སྦྱང་དང་། དེ་ནས་ཚོགས་འདུའི་གྲོས་གཞི་ཁག་ཐོག་ཚོགས་ཆུང་ནང་ཁུལ་གོ་བསྡུར་ཞིབ་ཕྲ་གནང་ཡོད། ཤེས་ཡོན་སྲིད་བྱུས་ཕྱག་བསྟར་གནང་སྟེ་དུས་ཡུན་ལོ་བཅུ་ལ་ཉེ་བའི་རིང་ལ་འདི་ལྟ་བུའི་ཚོགས་འདུ་ཚོགས་པ་ཧ་ལམ་ཐེངས་དང་པོ་ཆགས་ཀྱི་ཡོད། ལས་གཞི་གསར་པ་གལ་ཆེན་པོ་ཞིག་དངོས་སུ་ལག་བསྟར་བྱེད་པའི་སྐབས་སུ་དཀའ་ངལ་དང་གསལ་ཁ་ཐོན་མ་ཐོན་རིགས་ཏན་ཏན་ཆགས་ཀྱི་རེད་བསམ་གྱི་འདུག ད་རེས་ཚོགས་འདུའི་ནང་གང་ཙམ་གསལ་ཁ་ཡག་པོ་ཆགས་སོང་བསམ་པ་བྱུང་། ཁ་སྔོན་དབུ་འབྱེད་མཛད་སྒོའི་སྐབས་སུ་རོབ་ཙམ་ཞུས་པ་ཡིན། ཤེས་ཡོན་སྲིད་བྱུས་ཀྱི་ཡིག་ཆ་དང་གནས་སྟངས་དེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནང་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་ཆགས་ཡོད། འཆར་གཞི་འདི་དངོས་སུ་ལག་བསྟར་བྱེད་རྒྱུ་ཡོད་པ་བཟོ་མཁན་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གཙོ་བོར་གྱུར་པའི་བཀའ་ཤག་གོང་མ་སོགས་ཆགས་ཀྱི་ཡོད་པར་བརྟེན། ཁོང་རྣམ་པར་དགའ་བསུ་དང་བཀའ་དྲིན་རྗེས་དྲན་ཞུས་པ་དང་ཆབས་ཅིག་གྲོས་ཚོགས་ཀྱིས་གལ་ཆེན་པོ་རྩིས་ཏེ་གཏན་འབེབས་གནང་བ་ནི་ཧ་ཅང་རླབས་ཆེན་ཞིག་ཆགས་ཡོད། ང་ཚོས་འདིའི་ཐོག་དངོས་སུ་ལག་ལེན་བསྟར་མཁན་ཨང་དང་པོའི་གྲས་སུ་བསླེབས་ཀྱི་ཡོད།
གཙོ་བོ་སྲིད་བྱུས་གང་འདྲ་ཞིག་ཡིན་རུང་དེའི་ཐོག་བསམ་ཚུལ་འདྲ་མིན་ཏན་ཏན་ཡོང་སྲིད། སྲིད་བྱུས་ཡང་དག་པ་ཞིག་ཡིན་ནའང་ལག་ལེན་བསྟར་བའི་སྐབས་སུ་ལག་ལེན་ ཏག་ཏག་བསྟར་མ་ཐུབ་པ་ཡིན་ན། ཤོག་ཐོག་ལ་སྲིད་བྱུས་ཡང་དག་པ་ཙམ་མ་གཏོགས་ལག་ལེན་ཐོག་ཏག་ཏག་སྡོད་ཀྱི་མེད། ཤེས་ཡོན་སྲིད་བྱུས་འདི་ཤོག་ཐོག་ལ་ཡོད་པ་བཞིན་ལག་ལེན་ཐོག་བསྟར་ཐུབ་དགོས་པ་བཟོ་རྒྱུ་དེ་ང་ཚོའི་ལས་འགན་གཙོ་བོ་ཆགས་ཀྱི་འདུག དེར་བརྟེན་རྣམ་པ་ཚོ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད། སློབ་གྲྭ་ཆེ་ཆུང་ག་འདྲ་ཞིག་ཡིན་རུང་དེའི་འགོ་ཁྲིད་མཁན་ལ་འགན་འཁུར་ཧ་ཅང་ཆེན་པོ་ཡོད། སློབ་སྤྱི་ནི་སློབ་གྲྭ་དང་། སློབ་ཕྲུག་གིས་གཙོས་འབྲེལ་ཡོད་ཕ་མ། དགེ་རྒན། འཛིན་སྐྱོང་སོགས་ཀྱི་ཐོག་ལས་འགན་ཆེན་པོ་ཆགས་ཀྱི་ཡོད་པ་ཁྱེད་རྣམ་པས་མ་ཤེས་པ་མེད་ནའང་། སོ་སོའི་ལས་འགན་དེ་དག་ངོས་བཟུང་བའི་ཐོག་ནས་འགན་འཁུར་དགོས། ཞེས་སོགས་ཀྱི་གསུང་བཤད་གནང་རྗེས་ཤེས་རིག་དྲུང་འཕར་བཀྲ་ཤིས་སྟོབས་རྒྱལ་ལགས་ཀྱིས་ཐུགས་རྗེ་ཆེ་རྗེ་ཆེ་ཞུས་ཏེ་ཚོགས་འདུ་གྲོལ། ད་ཐེངས་ཤེས་ཡོན་སྲིད་བྱུས་ཕྱག་བསྟར་གནང་ཡུལ་སློབ་ཁག་གི་སློབ་སྤྱི་དང་དགེ་ཆེའི་དམིགས་བསལ་ཚོགས་འདུ་འདིར་སམ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་ལགས་དང་རྡ་ས་བོད་ཁྱིམ་ཤེས་ཡོན་སྤྱི་ཁྱབ་འགན་འཛིན་བསོད་ནམས་སྒྲོལ་དཀར་ལགས། ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་ཡུལ་སྤོན་ཊ་དང་། ཅོན་ཏཱ་ར། རྡ་ས་དཔེ་སྟོན་སློབ་གྲྭ། གངས་སྐྱིད་དཔེ་སྟོན་སློབ་གྲྭ། བདེ་སྐྱིད་གླིང་། མ་ནཱ་ལི། པོག་རི་པུང། ཤི་ལོང་། སྤུ་རུ་ཝ་ལ་སམ་བྷོ་ཊ་སློབ་གྲྭ་བཅས་དང་། ལ་དྭགས་བོད་ཁྱིམ་གྱི་སློབ་སྤྱི་དང་དགེ་ཆེ། དེ་བཞིན་ཤེས་རིག་ལས་ཁུངས་ཀྱི་ཚན་པ་ཁག་གི་འགན་འཛིན་རྣམ་པ་དང་བོད་ཀྱི་ཐེབས་རྩའི་འགན་འཛིན་སྐུ་ཞབས་བྷོབ་ལགས་བཅས་ཚོགས་ཞུགས་གནང་ཡོད།

ཤེས་ཡོན་སྲིད་བྱུས་ཕྱག་བསྟར་གནང་ཡུལ་སློབ་ཁག་གི་སློབ་སྤྱི་དང་དགེ་ཆེའི་དམིགས་བསལ་ཚོགས་འདུའི་གྲོས་ཆོད་རྣམས་གཤམ་གསལ།

གྲོས་གཞི་དང་པོ། ཤེས་ཡོན་སྲིད་བྱུས་ལག་བསྟར་དང་འབྲེལ་བའི་དཀའ་ངལ་སེལ་ཐབས་དང་ལག་བསྟར་མདུན་བསྐྱོད་དང་ཚགས་ཚུད་ཡོང་ཐབས་ཇི་དགེའི་སྐོར།

གྲོས་ཆོད།

  1. གཞི་རིམ་འོག་མའི་དགེ་རྒན་ཚོས་སློབ་ཚན་ཆ་ཚང་སློབ་ཁྲིད་གནང་ཐུབ་པ་དགོས་རྒྱུའི་ལམ་སྲོལ་དེས། སློབ་ཕྲུག་གི་ཤེས་ཡོན་མ་རྩ་བརྟན་པོ་ཡོང་རྒྱུར་དཀའ་ངལ་ཆེན་པོ་འདུག་པས། སློབ་ཚན་བྱེ་བྲག་པ་སོ་སོ་སློབ་ཁྲིད་གནང་མཁན་དགེ་རྒན་བསྐོ་གཞག་གནང་གལ་ཆེ།
  2. གཞི་རིམ་བར་མའི་ཨིན་ཡིག་ཐོག་སློབ་ཁྲིད་ཚད་ལྡན་མི་ཡོང་བའི་དཀའ་ངལ་སེལ་ཐབས་སུ། ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན། འཛིན་རིམ་བཞི་པ་ཡན་ལ་ཨིན་ཇི་སློབ་ཁྲིད་གནང་མཁན་ཨིན་ཡིག་ཆེད་སྦྱོང་བའི་རིགས་ (English Honors) བསྐོ་བཞག་གནང་ཐབས་དང་། དེ་བཞིན་འཛིན་རིམ་དྲུག་པ་ཡན་ལའང་ Sound-way Program ལྟ་བུའི་ཨིན་ཡིག་སློབ་ཁྲིད་ཐབས་ལམ་གསར་པའི་རིགས་སྤྱོད་གལ།
  3. ཤེས་ཡོན་སྲིད་བྱུས་ཀྱི་དོན་ཚན་དྲུག་པའི་ནང་གསེས་ལྔ་པའི་དགོངས་དོན་བཞིན། གཞི་རིམ་འོག་མར་ཚད་མ་རིག་པ་སློབ་འཁྲིད་གནང་མཁན་དམིགས་བསལ་བསྐོ་གཞག་གནང་ཐུབ་ན་ཕན་འབྲས་ཆེ་བར་མངོན། དེ་མིན་གཞི་རིམ་འོག་མའི་དགེ་རྒན་རྣམས་ལ་ཉམས་མྱོང་ཅན་གྱི་ཆོས་དགེ་ཁག་ཅིག་སློབ་གྲྭ་གཞན་ལ་སྐོར་བསྐྱོད་ཀྱིས། ཚད་མ་རིག་པ་སློབ་ཁྲིད་བྱེད་ཐབས་ལམ་སྟོན་གནང་ན་དགེ་མཚན་ཆེ།
  4. ཤེས་ཡོན་སྲིད་བྱུས་ཀྱི་དོན་ཚན་དྲུག་པའི་ནང་གསེས་བདུན་པའི་དགོངས་དོན་བཞིན། སློབ་ཕྲུག་གི་བསམ་སྤྱོད་ལེགས་ལམ་དུ་འཆོས་ཐབས་སུ། ཕ་མ་དང་། ཕ་ཚབ། མ་ཚབ། དགེ་ལས་ཡོངས་ལ་བཀའ་མོལ་གནང་སྟངས་དང་། བྱམས་སྙིང་རྗེའི་ཐོག་ནས་ཕྲུ་གུ་སྐྱོང་ཐབས་ཐད་དུས་ནས་དུས་སུ་ཟབ་སྦྱོང་དང། སྤྱི་ཚོགས་ཁྱོན་ཡོངས་ལ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་གོ་རྟོགས་གནད་སྨིན་སྤེལ་གལ། དེ་བཞིན་སློབ་གྲྭའི་མ་བྱན་ཚོ་ལའང་ཟས་བཅུད་ལྡན་པའི་ཞལ་ལག་བཟོ་སྟངས་ཀྱི་ཟབ་སྦྱོང་གནང་གལ།
  5. ཤེས་ཡོན་སྲིད་བྱུས་ཀྱི་དོན་ཚན་དྲུག་པའི་ནང་གསེས་བརྒྱད་པའི་དགོངས་དོན་བཞིན། སློབ་ཐོན་ལས་མེད་མི་འབྱུང་ཆེད་ལས་རིགས་འདྲ་མིན་ཐོག་གོ་རྟོགས་སྤེལ་རྒྱུ་དང་། དེ་བཞིན་སློབ་ཁག་སོ་སོས་སློབ་ཕྲུག་ཚོར་བཟོ་རིག་གི་རྨང་གཞི་བསྐྲུན་ཐབས་བྱེད་མུས་ཀྱང་། ལས་འཆར་དེ་རིགས་ལ་འགྲོ་གྲོན་དམིགས་བསལ་མེད་སྟབས། གསར་གཏོད་བྱ་ཐབས་བྲལ་བས། དེའི་ཆེད་ཤེས་རིག་ལས་ཁུངས་དང་སློབ་ཁག་སོ་སོའི་འཛིན་སྐྱོང་ནས། ལོ་ལྟར་འགྲོ་གྲོན་གྱི་མཐུན་སྦྱོར་དང་ཟབ་སྦྱོང་གནང་གལ།
  6. ད་ལྟའི་ཆར་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་ཡུལ་གཞི་རིམ་འོག་མའི་སློབ་གྲྭ་ཁག་ཏུ་ཁྱོན་ཡོངས་ཀྱི་ཤེས་ཡོན་གྱི་གནས་སྟངས་གང་ལེགས་ཡོད་པ་ལྟར། སྲིད་བྱུས་ཀྱི་དགོངས་དོན་བཞིན་སློབ་མ་བསྐྱེད་བསྲིང་བྱ་ཐབས་ཀྱིས་མཚོན། གཞི་རིམ་བར་མའི་སློབ་གྲྭ་ཁག་ཏུའང་ཤེས་ཡོན་སྲིད་བྱུས་ལག་བསྟར་རྒྱུན་བསྲིང་སྔར་ལྷག་ཡོང་ཐབས་གནང་གལ།
  7. ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་སློབ་ཕྲུག་ཚོའི་སྐད་ཡིག་གི་ཤེས་ཚད་གོང་འཕེལ་གཏོང་སླད། ཟུར་ལྟའི་དཔེ་དེབ་ཁག་གི་གྲངས་ཚད་དང་། པར་རིས་ཅན་གྱི་སྒྲུང་དེབ། དེ་བཞིན་ཤོག་བུའི་སྤུད་ཚད་སོགས་གང་ཅིའི་ཐད་གོང་འཕེལ་གཏོང་གལ།
  8. ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་སྔོན་འགྲོ་དང། གཞི་རིམ་འོག་མའི་དགེ་རྒན་རྣམས་ཀྱི་ཤེས་ཚད་ཉུང་ མཐར་ཉེ་བའི་གཙུག་ལག་རབ་འབྱམས་པ་དང། དགེ་རྒན་འོས་སྦྱོང་ཐོན་པ་ཤ་སྟག་དགོས་གལ་དང། ད་སྔ་ལག་འཁྱེར་དེ་རིགས་མེད་ཀྱང་དགེ་རྒན་དུ་བསྐོས་ཟིན་པ་རྣམས་ཀྱི་ཤེས་ཚད་ལག་འཁྱེར་གོང་འཕེལ་གཏོང་ཆེད་ཤེས་རིག་ལས་ཁུངས་དང་འབྲེལ་ཡོད་སློབ་གྲྭའི་འཛིན་སྐྱོང་ནས་མཐུན་སྦྱོར་གནང་རྒྱུ་དང་། དེ་མིན་གླ་ཕོགས་རང་འཇགས་ཐོག་དགེ་རྒན་གྱི་ལས་རོགས་ཀྱིས་མཚོན་ལས་གནས་བརྗེ་བསྒྱུར་གནང་ཐབས།
  9. སློབ་གྲྭ་ཁག་གི་འགན་འཛིན་གཙོས་དགེ་ལས་ནང་ཁུལ་ཤེས་ཡོན་བརྗེ་ལེན་དང་། ཉམས་གསོག་གི་ལས་འཆར་གང་མང་སྤེལ་གལ།
  10. བྱིས་པ་ལོ་ཆུང་རྣམས་རི་མོའི་གློག་བརྙན་ (cartoon) ལ་སྤྲོ་བས། གློག་བརྙན་དེ་རིགས་བོད་སྒྱུར་གནང་ཐབས།
  11. གཞི་རིམ་གོང་མའི་འཛིན་གྲྭ་བཅུ་པ་ཐོན་རྗེས། སློབ་ཕྲུག་གི་དོ་དབྱིངས་དང་འཇོན་ནུས་ལ་འཚམས་པའི། ལས་རིགས་སློབ་སྦྱོང་གི་གོ་སྐབས་གང་མང་བསྐྲུན་གལ།

གྲོས་གཞི་གཉིས་པ། འཛིན་རིམ་དྲུག་པ་ཡན་གྱི་སློབ་ཁྲིད་བརྒྱུད་ལམ་སྐད་གཉིས་བརྒྱུད་ནས་ཁྲིད་ཐབས་ཀྱི་ལྟ་གྲུབ་དང་ལག་བསྟར་གནང་ཕྱོགས་ཇི་དགེའི་སྐོར།

གྲོས་ཆོད།

  1. འཛིན་རིམ་དྲུག་པ་ཡན་གྱི་སློབ་ཁྲིད་བརྒྱུད་ལམ་སྐད་གཉིས་ཐོག་ཁྲིད་ཐབས་ཐད། ཤེས་རིག་ལས་ཁུངས་ནས་སློབ་དགེ་རྣམས་ལ་ཟབ་སྦྱོང་དང་ལམ་སྟོན་གནང་གལ།
  2. ད་ལྟའི་ཆར་སློབ་གྲྭ་ཁག་གི་སྤྱི་ཚན་དགེ་རྒན་ཚོར་བོད་ཡིག་སློབ་ཁྲིད་གནང་མུས་བཞིན། མ་འོངས་པར་མུ་མཐུད་ཡར་རྒྱས་གཏོང་སླད་ས་རཱ་མཐོ་སློབ་སོགས་སུ་ཟབ་སྦྱོང་གོ་སྒྲིག་གང་མང་གནང་གལ།
  3. ཤེས་རིག་ལས་ཁུངས་ནས་འཛིན་རིམ་དྲུག་པ་ཡན་གྱི་སློབ་ཚན་ཁག་གི་ཐ་སྙད་རྣམས་གཏན་འབེབས་ངེས་ཅན་ཞིག་དགོས་གལ།
  4. མ་འོངས་པར་དགེ་རྒན་བསྐོ་བཞག་སྐབས་སློབ་ཚན་སོ་སོར་ཁྱད་མཁས་དང་། ལྷག་པར་བོད་ཀྱི་སྐད་ཡིག་ལ་བྱང་ཆ་ལྡན་པའི་རིགས་བསྐོ་གཞག་གནང་གལ།
  5. འཛིན་རིམ་དྲུག་པ་ཡན་ལ་སྐད་གཉིས་ཐོག་སློབ་ཁྲིད་གནང་བའི་ལྟ་གྲུབ་ལག་བསྟར་གནང་སྐབས། དགེ་རྒན་གྱིས་ནང་དོན་གཙོ་འདོན་དང། བརྒྱུད་ལམ་གཙོ་འདོན་གཉིས་དོ་མཉམ་པ་གནང་གལ།
  6. ཕྱི་ལོ་༢༠༡༥ ནས་དཔེ་སྟོན་སློབ་གྲྭ་དང་སྤོན་ཊ་གཏན་སློབ་གཉིས་ནས་འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ་བོད་ཀྱི་སྐད་ཡིག་ཐོག་ནས་བསླབ་རྒྱུའི་འགོ་འཛུགས་བྱ་རྒྱུ་དང་། ཅོན་ཏ་ར་དང་བདེ་སྐྱིད་གླིང་སློབ་ཁག་གཉིས་ནས་གྲ་སྒྲིག་གིས། ཕྱི་ལོ་༢༠༡༦ ནས་ ལག་བསྟར་བྱ་རྒྱུ། དེའི་ཆེད་ཤེས་རིག་ལས་ཁུངས་ནས་ཁྲིད་ཐབས་སོགས་མཐུན་སྦྱོར་གང་དགོས་གནང་རྒྱུ་དང་འབྲེལ། རིམ་བཞིན་ཉམས་མྱོང་ལ་གཞིགས་ནས་འཛིན་རིམ་བདུན་པ་སོགས་ལ་ལག་བསྟར་གནང་ཐབས་འབད་བརྩོན་ཞུ་རྒྱུ།

གྲོས་གཞི་གསུམ་པ། ཁྱོན་ཡོངས་ཀྱི་སློབ་གྲྭའི་འཛིན་སྐྱོང་ཚགས་ཚུད་གཏོང་ཕྱོགས་ཇི་དགེའི་སྐོར།

གྲོས་ཆོད།

  1. བོད་པའི་སློབ་གྲྭ་ཁག་དང་ལྷག་པར་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱ་ཡུལ་སློབ་ཁག་ནང་སློབ་འཇུག་གི་གྲངས་འབོར་ལོ་རེ་བཞིན་ཇེ་ཉུང་དུ་འགྲོ་བཞིན་ཡོད་སྟབས། བཀའ་ཤག་གི་བཀའ་འབྲེལ་འོག་ཤེས་རིག་ལས་ཁུངས་ནས་གཞི་རིམ་འཛིན་གྲྭ་ལྔ་པ་བར་གྱི་བོད་ཕྲུག་རྣམས་ས་གནས་སློབ་གྲྭར་གཏང་དགོས་བཀོད་ཁྱབ་ཕེབས་པ་བཞིན། ཕྱག་བསྟར་ནན་པོ་གནང་གལ།
  2. སཾ་བྷོ་ཊའི་ཁྱབ་ཁོངས་སློབ་གྲྭ་ཁག་ཏུ་ཧི་མ་ལ་ཡའི་ཕྲུ་གུ་སློབ་འཇུག་བྱེད་པའི་གྲངས་ཚད་གཏན་འབེབས་དང་། མཐུན་སྦྱོར་གནང་ཐབས་བྱ་གལ།
  3. ཀྲུ་ཀྲིང་ས་ཁུལ་གྱི་བོད་རིགས་ཕྲུ་གུ་ཁག་ཅིག་ལ་ཡིག་ཆ་ཚད་ལྡན་ཡོད་མེད་སོགས་ཀྱིས་ མཐོ་སློབ་ཀྱི་སློབ་ཡོན་ཐོབ་རྒྱུར་དཀའ་ངལ་འདུག་པས། དཀའ་ངལ་དེ་རིགས་སེལ་ཐབས་གནང་གལ།
  4. སཾ་བྷོ་ཊའི་ཁྱབ་ཁོངས་སློབ་གྲྭ་ཁག་ལ་མཐུན་རྐྱེན་ཡོད་པ་བཞིན་ཕྲུ་གུའི་གྲངས་འབོར་མང་པོ་མེད་པས། བོད་རིགས་ཕྲུ་གུ་རྣམས་ལ་ཟས་གོས་གནས་མལ་ཆེད་སློབ་ཡོན་མི་དགོས་པར་སློབ་འཇུག་གནང་གལ་དང་། སྔོན་འགྲོ་དང་གཞི་རིམ་འོག་མ་སོགས་ཉིན་སློབ་ཁག་ས་གནས་རང་དུ་གནས་ཐབས་དང་། གཏན་སློབ་ཁག་གི་སློབ་ཕྲུག་གི་གྲངས་འབོར་ལ་གཞིགས་ཏེ་སློབ་གྲྭ་ཆུང་གྲས་རྣམས་ཟླ་བསྒྲིལ་གནང་ཐབས་བྱ་གལ།
  5. དཔེ་སྟོན་སློབ་གྲྭའི་ནང་ཕྲུ་གུ་སློབ་འཇུག་བྱ་ཕྱོགས་དང་། སློབ་གྲྭའི་མཐུན་རྐྱེན་སོགས་ལ་དཔགས་པའི་སློབ་འཇུག་གི་གྲངས་འབོར་ཇི་དགོས་སྒྲིག་གཞི་ལམ་སྟོན་ཁ་གསལ་ཞིག་དགོས་པས། འབྲེལ་ཡོད་སློབ་གྲྭ་ནས་འཆར་འབུལ་ཞུ་དགོས།

སྔོན་མ།
སློབ་མས་བཀའ་འགྱུར་ལྗགས་ཀློག
ཕྱི་མ།
སྲིད་སྐྱོང་གཟེངས་རྟགས་གནང་བ།