ཟླ་རེའི་གསར་འགྱུར།

ཤེས་རིག་ཁྱབ་ཁོངས་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་ཆེ་ལྷན་ཚོགས་སྐབས་བཀའ་ཁྲི་མཆོག་གིས་གསུང་བཤད་གནང་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༡༩ རེས་གཟའ་ཕུར་བུ་ཉིན། འདི་ག་ཤེས་རིག་ལས་ཁུངས་ཀྱིས་བཀོད་སྒྲིག་འོག་གངས་སྐྱིད་ལས་བྱེད་གསོལ་ཐབ་ཡང་སྟེང་ཚོགས་ཁང་དུ། རྒྱ་བལ་ཁུལ་གྱི་བཙན་བྱོལ་བོད་མིའི་གཏན་སློབ་ཁག་དང་། བོད་ཁྱིམ་གཉིས། སམ་བྷོ་ཊའི་སློབ་གྲྭ་བཅས་ཀྱི་སློབ་སྤྱི་དང་རེག་ཊར། དགེ་ཆེ་རྣམས་ཀྱི་ལྷན་ཚོགས་ཤིག་བསྐྱངས།
    དེ་རིང་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དྷ་ས་གངས་སྐྱིད་ལས་བྱེད་གསོལ་ཐབ་ཡང་སྟེང་ཚོགས་ཁང་དུ་རྒྱ་བལ་ཁུལ་གྱི་བཙན་བྱོལ་བོད་མིའི་གཏན་སློབ་དང། བོད་ཁྱིམ་གཉིས། དེ་བཞིན་སམ་བྷོ་ཊའི་སློབ་གྲྭ་བཅས་ཁྱོན་སློབ་གྲྭ་ ༤༠ སློབ་སྤྱི་དང་རེག་ཊར། དགེ་ཆེ་སོགས་ལྷན་འཛོམས་ཀྱིས་ལྷན་ཚོགས་སྐབས་ཤེས་རིག་བཀའ་བློན་དང་བཀའ་བློན་ཁྲི་པ་གཅིག་ལྕོགས་མཁས་དབང་བློ་བཟང་སེང་གེ་མཆོག་དང། ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས། ཤེས་རིག་དྲུང་ཆེ་ཟུར་པ་དང་བཀའ་དྲུང་གཡུ་ཐོག་ཀརྨ་དགེ་ལེགས་ལགས། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་དྲུང་འཕར་དང་ཤེས་རིག་ལས་ཁུངས་ཀྱི་སྡེ་ཚན་ཁག་གི་འགན་འཛིན། དེ་བཞིན་འབྲེལ་ཡོད་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་བཅས་ཁྱོན་མི་གྲངས་ ༦༠ བརྒལ་བ་ཚང་འཛོམས་གནང་སྟེ། ཐོག་མར་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང།
    དེའི་རྗེས་བཀའ་ཁྲི་མཆོག་གིས་གསུང་བཤད་གནང་དོན། ང་རང་བཀའ་ཁྲིར་འོས་འདེམས་བྱུང་རྗེས་སློབ་སྤྱི་རྣམས་དང་ལྷན་ཚོགས་ཐེངས་དང་པོ་བྱེད་སྐབས། ཧ་ཅང་ཕན་ཐོགས་བྱུང་སྟབས་འབྱུང་འགྱུར་ཡང་ལྷན་ཚོགས་མུ་མཐུད་ཚོགས་ན་དགེ་མཚན་ཆེན་པོ་ཡོད་སྐོར་བསམ་ཚུལ་བྱུང་བར་བརྟེན། ཐེངས་འདིར་སླར་ཡང་འཛོམས་ཐུབ་པ་བྱུང་ཡོད། ལྷན་ཚོགས་ཐེངས་དང་པོའི་སྐབས་ང་ལ་ཚོར་བ་ཞིག་བྱུང། སྐབས་དེར་ངས་སློབ་སྤྱི་རྣམ་པ་ཚོས་སློབ་གྲྭའི་ལས་དོན་སྣེ་མང་ཡོད་པའི་ཁྲོད་ལས་རིགས་ཁག་སོ་སོར་གཟེངས་སུ་ཐོན་པའི་བྱས་རྗེས་འཇོག་ཐུབ་མཁན་གྱི་སློབ་སྤྱི་རྣམས་དང། སློབ་གྲྭ་སོ་སོའི་ནང་ཉམས་མྱོང་ཡག་ཤོས་གང་བསགས་པ་དེ་དག་ལྷན་འཛོམས་གནང་སྟེ་ཕན་ཚུན་གོ་བསྡུར་སྦྱངས་བཤད་གནང་ཐུབ་ན་དཀའ་ངལ་མང་པོ་ཞིག་སེལ་ཐུབ་པའི་རེ་བ་ཡོད། དེར་བརྟེན། དེ་རིང་ལྷན་ཚོགས་འདི་བྱུང་བ་རེད།
    འདས་པའི་ལོ་ངོ་ ༥༠ རིང་ང་ཚོར་གྲུབ་འབྲས་གང་འཚམ་ཐོན་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་བློན་ནེ་རུ་མཆོག་དང་ཐོག་མར་མཇལ་འཕྲད་སྐབས་བཙན་བྱོལ་བོད་ཕྲུག་ཚོར་སློབ་གྲྭ་ཟུར་འཛུགས་ཀྱིས་བོད་མིའི་ཐུན་མིན་རིག་གཞུང་རྒྱུན་འཛིན་བྱ་རྒྱུ་ཙམ་མ་ཟད། གནའ་དེང་ཤེས་ཡོན་ཟུང་འབྲེལ་ཐོག་འདབ་གཤོག་གཉིས་ལྡན་གྱིས་བོད་མིའི་སྤྱི་ཚོགས་ཁྲོད་འགོ་ཁྲིད་བསྐྲུན་ཐུབ་པ་ཞིག་ཡོང་རྒྱུར་དགོངས་བཞེས་མཛད་དེ། གཙོ་བོ་རྒྱ་གར་གཞུང་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བཙན་བྱོལ་བོད་མིའི་དབུས་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་(CTSA)གསར་འཛུགས་ཐུབ་པ་བྱུང་ཡོད། འདས་པའི་ལོ་ངོ་ ༥༠ རིང་རྒྱ་གར་གཞུང་གི་ཐུགས་རྗེ་བཀའ་དྲིན་དང་འབྲེལ་ཡོད་རྒྱ་གར་བ་དང་བོད་པའི་དགེ་ལས་ཚོས་ངལ་བ་ཁྱད་བསད་ཀྱིས་སྐུ་ལས་བསྐྱོན་པའི་དྲིན་ལས་དབུ་བོད་སློབ་འཛིན་ཚོགས་དང། བོད་མིའི་སྒྲིག་འཛུགས་ཚགས་ཚུད་ལྡན་པ་བྱུང་ཡོད། དཔེར་ན། སྐྱབས་བཅོལ་བའི་སྤྱི་ཚོགས་གཞན་དང་བསྡུར་ན། བཙན་བྱོལ་བོད་མི་འབྲི་ཀློག་ཤེས་མཁན་གྱི་ཚད་གཞི་མཐོ་པོ་ཡིན། དེ་བཞིན་ཤེས་ཡོན་གྱི་གནས་ཚད་ཀྱང་འཛམ་གླིང་ཁྱོན་དུ་སྐྱབས་བཅོལ་བ་གཞན་ལས་མཐོ་བ་ཡོད། རྒྱ་གར་གཞུང་གིས་བོད་པའི་ཤེས་ཡོན་ཐོག་ལོ་རེའི་འགྲོ་གྲོན་དེར་ཉེ་ལམ་རྟོག་ཞིབ་བྱེད་སྐབས་རོགས་དངུལ་ཧ་ཅང་འབོར་ཆེན་པོ་གཏོང་གི་ཡོད་པ་མཐོང་བྱུང་། ཤེས་ཡོན་ཙམ་མིན་པར་སྤྱི་ཚོགས་དང་འཕྲོད་བསྟེན། ཆབ་སྲིད་སོགས་གང་ཅིའི་ཐད་ནས་ང་ཚོར་དངོས་གནས་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་རེད། ང་ཚོ་རང་རྐང་ཚུགས་ཐུབ་རྒྱུར་རྒྱ་གར་གཞུང་མང་གཉིས་བཀའ་དྲིན་ཆེན་པོ་ཆགས་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་ལྟར་བོད་མི་ཚོས་ཡི་གེ་འབྲི་ཀློག་ཤེས་པ་ཙམ་དང་ཤེས་ཡོན་ལྡན་པ་ཙམ་གྱིས་མི་ཆོག་པར་ཁྱད་ལས་པ་དང། རིགས་གཅིག་རྐང་འཛིན་གང་མང་ཐོན་ནས་རྒྱལ་ནང་དང་རྒྱལ་སྤྱི་གང་དུའང་དཔུང་པ་མཉམ་གཤིབ་ཀྱིས་བོད་དོན་འཐབ་རྩོད་རྒྱུན་འཁྱོངས་བྱ་རྒྱུ་ང་ཚོའི་ཕུགས་བསམ་གཙོ་བོ་དེ་ཆགས་ཡོད། ང་ཚོར་ཧི་མ་ལ་ཡའི་རི་བོ་ལྟར་གྱི་ལས་འགན་ལྕི་མོ་ཞིག་ཡོད་པ་དེ་དག་དོན་འཁྱོལ་ཡོང་བར་ཤེས་ཡོན་གྱི་ནུས་སྟོབས་དགོས་གལ་ཧ་ཅང་ཆེ། དེ་ལྟར་མ་བྱུང་ན་བོད་ནང་དུ་ཡོད་པའི་གཞིས་ལུས་བོད་མི་ས་ཡ་དྲུག་གི་ངོ་ཚབ་མཚོན་ཐུབ་པ་བྱ་རྒྱུ་ལྟ་ཞོག། རང་འགོ་འཐོན་རྒྱུར་དཀའ་ངལ་འཕྲད་སྲིད། ད་བར་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ནང་ཡར་རྒྱས་གང་འཚམ་བྱུང་ཡོད་ཀྱང་ཡར་རྒྱས་གཏོང་དགོས་པ་དང་དཀའ་ངལ་ལ་གདོང་ལེན་བྱེད་དགོས་པ་ཧ་ཅང་མང་པོ་ཡོད། དཀའ་ངལ་དེ་དག་སེལ་ཆེད་སློབ་སྤྱི་དང་རེག་ཊར། དགེ་ཆེ་སོགས་ཀྱིས་ད་བར་ལྷག་བསམ་རྣམ་དག་ཐོག་ནས་ཧུར་བསྐྱེད་གནང་ཡོད།
    ང་རང་ལ་མཚོན་ན་(CTSA) དང་(CTA) སློབ་གྲྭའི་འབྲས་བུ་ཞིག་ཆགས་ཡོད། དེར་བརྟེན་ངས་རྒྱ་གར་དང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་ང་རང་(CST)སུ་ན་ཌ་དང་རྡོར་གླིང་སློབ་གྲྭ་ནས་ཐོན་སྐོར་བརྗོད་མྱོང་ཡོད། སློབ་གྲྭ་དེ་དག་ཐོན་རྗེས་ལྡི་ལི་མཐོ་སློབ་དང་དེ་ནས་ཧར་ཝཌ་ཁྲིམས་ཀྱི་སློབ་སྦྱོང་བྱས་ཏེ་ལོ་ ༡༦ ཙམ་སོང་ཞེས་སོགས་ཀྱི་གསུང་བཤད་གནང་བ་དང་སྦྲགས། བཀའ་ཤག་སྐབས ༡༤ པའི་གསར་གཏོད། རང་ཁ་རང་གསོ། ཆིག་སྒྲིལ་སྐོར་ལ་ཞིབ་ཕྲ་གསལ་བཤད་གནང་ཡོད་པ་བཅས།།

སྔོན་མ།
ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་ཀྱིས་ལས་འཁུར་ཞུས་པ།
ཕྱི་མ།
འཛིན་གྲྭ་བདུན་པའི་སྤྱི་ཚོགས་ཚན་རིག་སློབ་དེབ་བསྐྱར་ཞིབ།
Menu