ཟླ་རེའི་གསར་འགྱུར།

ཤེས་རིག་དྲུང་ཆེས་རྒྱ་གར་རྒྱལ་ཡོངས་ཤེས་ཡོན་ལྷན་ཚོགས་སུ་མཉམ་ཞུགས་གནང་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༤ ཉིན་འདི་ག་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་ཡོངས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་བསྟི་གནས་ཁང་(NCERT)དུ་ཚན་རིག་དང་ཨང་རྩིས། ཨིན་ཡིག་ཐོག་ཤེས་ཡོན་ཡར་རྒྱས་གཏོང་ཐབས་ཀྱི་ལྷན་ཚོགས་སུ་མཉམ་ཞུགས་གནང་ཡོད་པ་མ་ཟད།ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་ཚེ་རིང་ཕུན་ཚོགས་ལགས་དང། སྐལ་བཟང་དབང་འདུས་ལགས། དེ་བཞིན་བོད་སློབ་འཛིན་ཚོགས་ཀྱི་ཤེས་ཡོན་འགན་འཛིན་ཨེ་ཨེས་རཱ་ཝཊ་(A.S. Rawat) ལགས་དང། རེ་ནུ་པནྟ་(Dr. Renu Pant) ལགས། རཱ་ཇེཤྭ་རི་རཱ་ནཱ་(Dr. Rajeshwari Rana) ལགས་བཅས་ཀྱིས་རྒྱ་གར་རྒྱལ་ཡོངས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་བསྟི་གནས་ཁང་གི་འབྲེལ་ཡོད་སློབ་ཚན་སོ་སོའི་མཁས་དབང་དང་ལྷན་ཚོགས་སུ་མཉམ་ཞུགས་གནང་ཡོད།
    ཚོགས་འདུ་འདི་བཞིན་བོད་སློབ་འཛིན་ཚོགས་ཀྱི་འགན་འཛིན་ནམ་རྒྱ་གར་རྒྱལ་ཡོངས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་བསྟི་གནས་ཁང་གི་དྲུང་ཆེ་སྐུ་ཞབས་ཨ་ལོཀ་ཝར་མ་(Mr. Alok Verma) ལགས་ཀྱིས་དབུ་འཛུགས་གནང་ཡོད། རྒྱ་གར་གཞུང་གིས་རྒྱ་གར་རྒྱལ་ཡོངས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་བསྟི་གནས་ཁང་དེ་ནི་དབུས་དང་མངའ་སྡེའི་གཞུང་ནས་སློབ་གྲྭའི་ཤེས་ཡོན་དང་འབྲེལ་བའི་གནད་དོན་ཐོག་མཐུན་འགྱུར་དང་ལམ་སྟོན་སླད་ཆེད་འཛུགས་གནང་བ་ཞིག་རེད་འདུག
    ཚོགས་འདུའི་ཐོག་ཚོགས་མི་རྣམས་ཀྱིས་བོད་མི་སྐྱབས་བཅོལ་བའི་སློབ་གྲྭའི་ནང་ཚན་རིག་དང། ཨང་རྩིས། ཨིན་ཡིག་སློབ་ཚན་བཅས་ཀྱི་ཐོག་སློབ་ཕྲུག་རྣམས་ལ་འཕྲད་བཞིན་པའི་དཀའ་ངལ་དེ་དག་ལ་གདོང་ལེན་དང་དཀའ་ངལ་སེལ་ཐབས་སྐོར་བགྲོ་གླེང་གནང་ཡོད། ཕྱོགས་མཚུངས་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་རྣམ་པས་རྒྱ་གར་གྱི་ཤེས་རིག་ལྷན་ཁང་གི་སྐད་ཡིག་ཚན་པ་དང་རྒྱ་གར་རྒྱལ་ཡོངས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་བསྟི་གནས་ཁང་ (NCERT)གི་ལས་བྱེད་རྣམ་པ་ཐུག་འཕྲད་ཀྱིས་ཕྱི་ལོ་༢༠༡༣ ནང་གཞི་རིམ་བར་མའི་བོད་ཡིག་དགེ་རྒན་དང་གཞི་རིམ་འོག་མའི་དགེ་རྒན་རྣམས་ལ་ཨིན་ཡིག་སློབ་ཁྲིད་ཀྱི་ཟབ་སྦྱོང་གི་སློབ་ཚན་ཟུར་འཇོག་བྱས་པ་དེ་དག་གི་ཐོག་གྲོས་བསྡུར་གནང་འདུག་པ་བཅས།།

སྔོན་མ།
གཞི་རིམ་གོང་མའི་སྤྱི་ཚོགས་ཚན་རིག་གི་བསླབ་གཞིའི་རྩ་འཛིན་ཚོགས་འདུ།
ཕྱི་མ།
༸གོང་ས་མཆོག་མོན་གྷོ་གཏན་སློབ་ཏུ་ཆིབས་སྒྱུར་བསྐྱངས།
Menu