ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་གཞི་རིམ་འོག་མའི་དགེ་རྒན་རྣམས་ལ་བོད་ཡིག་ཟབ་སྦྱོང་ཞིག་འགོ་བཙུགས་གནང་བ།

གསར་འཕྲིན།

༄༅། །ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ཕྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༡ ནས་ ༡༢ བར་ཉིན་གྲངས་བཅུ་གཉིས་རིང་སཾ་བྷོ་ཊའི་ཁྱབ་ཁོངས་དབྱར་ཁར་གུང་སེང་འཁེལ་བའི་སློབ་ཁག་གི་གཞི་རིམ་འོག་མའི་དགེ་རྒན་རྣམས་ལ་བོད་ཡིག་ཟབ་སྦྱོང་ཞིག་འགོ་བཙུགས་ཞུས་ཡོད།

ཟབ་སྦྱོང་འདི་ནང་སློབ་ཁག་ ༡༥ ནས་དགེ་རྒན་བུད་མེད་གྲངས་ ༣༢ དང་། བུ་གྲངས་ ༣ བཅས་ཁྱོན་བསྡོམས་དགེ་རྒན་གྲངས་ ༣༥ ཡིས་མཉམ་ཞུགས་གནང་ཡོད། ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོར་ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་དང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་གཞོན་པ་འཇིགས་མེད་བློ་གྲོས་ལགས། དེ་བཞིན་ཟབ་ཁྲིད་པ་དཔལ་ལྡན་རྣམ་རྒྱལ་ལགས་བཅས་ནས་ཚོགས་ཞུགས་གནང་ཡོད།

ཟབ་སྦྱོང་གི་ཐོག་མར་ཤེས་རིག་བོད་ཡིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ནས་ཟབ་སྦྱོང་གི་དགོས་དམིགས་ངོ་སྤྲོད་དུ། སྤྱིར་དགེ་རྒན་ཞིག་ཡིན་ཕྱིན་སོ་སོའི་ཆེད་ལས་ཡར་རྒྱས་གཏོང་རྒྱུ་ནི་མེད་དུ་མི་རུང་བ་མ་ཟད། ཡང་སྒོས་གཞི་རིམ་འོག་མར་ཨིན་ཇི་ཕུད་དེ་མིན་སློབ་ཚན་གཞན་རྣམས་བོད་སྐད་བརྒྱུད་ལམ་ནས་སློབ་ཁྲིད་དགོས་སྟབས། གཞི་རིམ་འོག་མའི་དགེ་རྒན་རྣམས་ལ་དུས་ནས་དུས་སུ་བོད་ཡིག་ཡར་རྒྱས་གཏོང་རྒྱུའི་ཟབ་སྦྱོང་འདི་ལྟ་བུ་གོ་སྒྲིག་ཞུ་བཞིན་ཡོད། ཟབ་སྦྱོང་གི་དུས་ཡུན་རིང་དམིགས་བསལ་ཤུགས་སྣོན་བྱེད་ས་ནི། བོད་ཡིག་གི་ཀློག་རྩལ་དང་། འབྲི་རྩལ། ཚིག་ཕྲད་ཁག་གི་སྒྲ་སྦྱོར་སྦྱོང་བརྡར། ཡིག་གཟུགས། སྒྲ་ཕབ་བཅས་བརྗོད་གཞི་ལྔའི་ཐོག་ཉིན་རེར་ཚོགས་ཐུན་ལྔ་འཚོགས་རྒྱུ་ཡིན་སྐོར་ངོ་སྤྲོད་གནང་།

དེ་རྗེས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་གཞོན་པ་འཇིགས་མེད་བློ་གྲོས་ལགས་ནས་ཟབ་སྦྱོང་ཚོགས་བཅར་བ་ཡོངས་ལ་ཕེབས་བསུ་དང་ས་རཱ་མཐོ་སློབ་ཀྱི་ངོ་སྤྲོད་གནང་བར། ཁོང་ནི་དུས་རྒྱུན་དུ་དགེ་བའི་བཤེས་གཉེན་བསྟེན་ཚུལ་ལ་གལ་ཆེར་བརྩི་མཁན་ཞིག་ཡིན་པ་དང་། ཟབ་སྦྱོང་འདིའི་ཚོགས་བཅར་བ་རྣམས་ཀྱང་དགེ་རྒན་ཁོ་ན་ཡིན་སྟབས་སྙིང་ཐག་པ་ནས་དགའ་བསུ་ཞུ་བཞིན་ཡོད་གསུངས་ཤིང་། ས་རཱ་མཐོ་སློབ་འདི་ཉིད་སྔོན་རིགས་སློབ་དབུ་འཛིན་ཟུར་པ་རྒན་བློ་བཟང་རྒྱ་མཚོ་ལགས་ནས་༸རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་བཞིན་དབུ་འཛུགས་གནང་སྟེ། ད་བར་ས་རཱ་མཐོ་སློབ་འདི་ནས་སློབ་ཐོན་པ་མང་པོ་ཞིག་ནས་བོད་ཀྱི་སྐད་དང་རིག་གཞུང་ཐོག་ཞབས་འདེགས་གང་འཚམས་སྒྲུབ་བཞིན་ཡོད་པ་དང་། དེ་སྔ་ཁོང་ཉིད་ལ་མཚོན་ན་དེང་སང་མཐོ་རིམ་སློབ་གཉེར་ཁང་ཁག་ཏུ་སློབ་སྦྱོང་བྱེད་བཞིན་པའི་གཞོན་སྐྱེས་ཚོའི་བོད་ཀྱི་སྐད་ཡིག་གི་ཆུ་ཚད་ཉམས་ཞན་དུ་འགྲོ་གི་མེད་དམ་སྙམ་སྟེ་བློ་འཚབ་བྱེད་མཁན་ཞིག་ཡིན་ཡང་། ད་ཆ་སློབ་གཉེར་ཁང་འདིར་སློབ་སྤྱི་གཞོན་པའི་ལས་ཁུར་བླངས་ཏེ་ཟླ་ཤས་ལས་མ་སོང་རུང་། འདི་ལོའི་མཐོ་རིམ་རིག་གནས་རབ་འབྱམས་སློབ་ཐོན་པ་རྣམས་ཀྱི་སྐད་ཡིག་རིག་གཞུང་གི་ཆུ་ཚད་མཐོང་དུས། འབྱུང་འགྱུར་ལོ་བཅུ་ཕྲག་ཁ་ཤས་རིང་ང་ཚོའི་བོད་ཀྱི་སྐད་ཡིག་རིག་གཞུང་རྒྱུད་འཛིན་བྱེད་ཐུབ་པ་འདུག་སྙམ་སྟེ་དགའ་ཚོར་ཆེན་པོ་བྱུང་། དེ་ཡང་སློབ་གྲྭ་ཁག་གི་རྒན་ལགས་རྣམ་པས་སྐུ་ལས་བསྐྱོན་པའི་གྲུབ་འབྲས་ཤིག་ལ་ངོས་འཛིན་གྱིས་ཚང་མར་ཐུགས་རྗེ་ཆེ་ཞུ་གི་ཡོད་བཅས་གསུངས།

དེ་ནས་ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ང་ཚོའི་གཞི་རིམ་སློབ་གྲྭ་འགྲིམ་བཞིན་པའི་ན་གཞོན་རྣམས་ཤེས་ཡོན་སློབ་གསོ་སྤྲོད་པའི་དགོས་དམིགས་བཞི་དང་མཐུན་པའི་མི་རིགས་གསོ་སྐྱོང་བྱ་རྒྱུ་གལ་ཆེན་པོ་ཡིན་པ་བཞིན། དེ་ལྟ་བུའི་མི་རིགས་གསོ་སྐྱོང་བྱེད་པར་དགེ་རྒན་གྱི་ལས་གནས་འདི་བཞིན་ཧ་ཅང་གི་གལ་གནད་ཆེན་པོ་ཡིན་པ་ལྟར་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་འདི་ཡང་དགེ་རྒན་དབུས་བཞག་གི་སྲིད་བྱུས་ཤིག་ཡིན་པ་མ་ཟད། རྒྱ་གར་གྱི་ཤེས་ཡོན་སྲིད་བྱུས་ནང་དུའང་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་འཛུགས་ཡང་དག་པར་ཡོང་བར་དགེ་རྒན་གྱི་ལས་འགན་གལ་ཆེན་པོ་ཡིན་པ་གསལ་ཡོད། དེས་ན་དགེ་རྒན་གྱི་ཆེད་ལས་ཡར་རྒྱས་གཏོང་རྒྱུ་གལ་ཆེན་པོ་ཡིན་ཞིང་། ལྷག་པར་དུ་བོད་པའི་སློབ་གྲྭ་ཁག་གི་གཞི་རིམ་འོག་མར་མཚོན་ན་ཨིན་ཇི་མ་གཏོགས་དེ་མིན་སློབ་ཚན་ཚང་མ་བོད་སྐད་བརྒྱུད་ལམ་ནས་སློབ་ཁྲིད་དགོས་སྟབས། གཞི་རིམ་འོག་མའི་དགེ་རྒན་རྣམ་པའི་བོད་ཀྱི་སྐད་ཡིག་ཡར་རྒྱས་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། དེ་བཞིན་ང་ཚོའི་བཙན་བྱོལ་ནང་དགེ་རྒན་གྱི་ལས་སྒོར་ཞུགས་མཁན་དཀོན་པའི་དཀའ་ངལ་དང་། ཡོད་པ་རྣམས་ཀྱང་རྒྱུན་གནས་མི་ཐུབ་པའི་དཀའ་ངལ་ཇེ་ཆེར་འཕྲད་བཞིན་པར་བརྟེན། ད་ལྟ་དགེ་རྒན་ཡོད་བཞིན་པ་རྣམས་མུ་མཐུད་དགེ་རྒན་གྱི་ལས་འགན་ལ་ཞུགས་རྒྱུ་གལ་ཆེན་པོ་ཡོད་པ་བཅས་ཀྱི་སྐོར་གསུངས།

མཐར་ཤེས་རིག་ཤེས་ཡོན་འགན་འཛིན་ནས་སྐུ་མགྲོན་རྣམ་པ་དང་ཚོགས་ཞུགས་པ་རྣམས་ལ་ཟབ་སྦྱོང་འདིར་མཉམ་ཞུགས་ཐུབ་པར་ཐུགས་རྗེ་ཆེ་ཞུས་ཏེ་དབུ་འབྱེད་ཀྱི་མཛད་སྒོ་མཇུག་བསྒྲིལ། །

སྔོན་མ།
ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་དྷ་ས་གངས་སྐྱིད་སམ་བྷོ་ཊ་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭར་གཟིགས་ཞིབ་གནང་བ།
ཕྱི་མ།
གཞི་རིམ་འོག་མའི་བོད་ཡིག་སློབ་དེབ་བསྐྱར་ཞིབ་ཚོགས་འདུ་བསྐོང་ཚོགས།
Menu