ཟླ་རེའི་གསར་འགྱུར།

ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་དྷ་ས་གངས་སྐྱིད་སམ་བྷོ་ཊ་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭར་གཟིགས་ཞིབ་གནང་བ།

གསར་འཕྲིན།, བཀའ་བློན་མཛད་འཆར།

༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༥ ཚེས་ ༠༡ རེས་གཟའ་ལྷག་པ་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་དྷ་ས་གངས་སྐྱིད་སམ་བྷོ་ཊ་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭར་གཟིགས་ཞིབ་གནང་སོང་།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཙམ་ལ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་སམ་བྷོ་ཊ་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭར་ཕེབས་འབྱོར་སྐབས་སློབ་གྲྭའི་དགེ་ཆེ་བསྟན་འཛིན་ཆོས་སྒྲོན་ལགས་ཀྱིས་གཙོས་དགེ་ལས་སློབ་ཕྲུག་ཡོངས་ནས་ཕེབས་བསུ་ཞུས་ཡོད། 

དེ་ནས་ཤེས་རིག་བཀའ་བློན་མཆོག་གིས་འཛིན་ཁང་ཁག་དང་། དཔེ་མཛོད། རོལ་མོ་ཁང་། ཐབ་ཚང་བཅས་སུ་གཟིགས་སྐོར་གནང་གྲུབ་མཚམས་དགེ་ལས་ཡོངས་ལ་གསུང་བཤད་གནང་ཡོད། སྐབས་དེར་སློབ་སྤྱི་བསྟན་འཛིན་ཆོས་སྒྲོན་ལགས་ཀྱིས་ལས་བསྡོམས་ངོ་སྤྲོད་གནང་རྗེས་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་འཚམས་འདྲི་དང་སྦྲགས། སློབ་གྲྭའི་དགེ་ལས་རྣམས་ལ་རང་ཉིད་ཀྱི་ཉམས་མྱོང་དང་འབྲེལ་ནས་ལམ་སྟོན་ཟབ་རྒྱས་གནང་སོང་།

ཁོང་མོས་དགེ་རྒན་ཞིག་ལ་ལས་འགན་ཆེན་པོ་ཡོད་པ་དང་། ལྷག་པར་སྔོན་འགྲོ་དང་འཛིན་རིམ་འོག་མའི་སློབ་དགེ་རྣམས་ལ་ལས་འགན་འཕར་མ་ཞིག་ཡོད་པ་འགྲེལ་བརྗོད་གནང་ཏེ། ད་བར་ཕྱག་ལས་ཡག་པོ་གནང་བར་བསྔགས་བརྗོད་དང་། དགེ་རྒན་རྣམས་ནས་མུ་མཐུད་ཕྱག་ལས་གནང་བའི་རེ་སྐུལ་དང་། དེ་ཡང་དགེ་ལས་ཕལ་ཆེ་བ་གཞོན་སྐྱེས་ཡིན་སྟབས་ཚང་མས་སེམས་ཁུར་ཆེན་པོའི་ངང་ནས་ཕྱག་ལས་གནང་དགོས་པ། ཕྲུ་གུར་ལེགས་ཉེས་དབྱེ་བ་ཕྱེ་ཐུབ་པ་ཙམ་མ་ཡིན་པར་དེའི་ཐོག་ལག་བསྟར་གནང་ཐུབ་པའི་སེམས་ཤུགས་དང་སྤོབས་པ་ཡང་བསྐྲུན་རྒྱུ་གལ་ཆེན་པོ་ཡིན་པ་གསུངས་ཡོད་པ་བཅས།།

སྔོན་མ།
ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་དྷ་སྟེང་བོད་ཁྱིམ་སློབ་གྲྭར་གཟིགས་སྐོར་གནང་བ།
ཕྱི་མ།
ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་གཞི་རིམ་འོག་མའི་དགེ་རྒན་རྣམས་ལ་བོད་ཡིག་ཟབ་སྦྱོང་ཞིག་འགོ་བཙུགས་གནང་བ།
Menu