ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ཀྱིས་སྔོན་འགྲོའི་དགེ་རྒན་རྣམས་ལ་རྒྱུན་གཏན་ལས་རིགས་ཀྱི་ཟབ་སྦྱོང་གོ་སྒྲིག་གནང་བ།

གསར་འཕྲིན།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༢༣ ཟླ་བ་ ༡༢ ཚེས་ ༢༡ ནས་ ༣༠ བར་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་ཞི་བདེ་མགྲོན་ཁང་དུ་སྔོན་འགྲོའི་དགེ་རྒན་རྣམས་ལ་རྒྱུན་གཏན་ལས་རིགས་ཀྱི་ཟབ་སྦྱོང་གོ་སྒྲིག་གནང་ཡོད་པ་རེད།

དེ་ཡང་ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོའི་ཐོག་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་དང་། རྡ་སྟེང་བོད་ཁྱིམ་སློབ་གྲྭའི་དགེ་ཆེ་བསྟན་འཛིན་ཆོས་འཕེལ་ལགས། ཟབ་སྦྱོང་གི་སློབ་སྟོན་པ་རྣམ་པ། ཚོགས་བཅར་བ་བཅས་ཚང་འཛོམས་ཀྱིས་ཤེས་རིག་དྲུང་ཆེའི་ངོ་སྤྲོད་གསུང་བཤད་དུ་ཟབ་སྦྱོང་འདིའི་གལ་གནད་སྤྱི་དང་། བྱེ་བྲག་ཏུ་སློབ་ཕྲུག་གི་མ་འོངས་ཕུགས་འདུན་ཆེད་སྔོན་འགྲོའི་དགེ་རྒན་རྣམ་པ་ཧ་ཅང་གལ་ཆེན་པོ་ཡིན་གསལ་སྟོན་དང་འབྲེལ། སློབ་ཕྲུག་རྣམས་ལ་ཆུང་དུས་ནས་གཞི་རྩ་བརྟན་པོ་བཙུགས་དགོས་སྐོར་དང་། ཟབ་སྦྱོང་ནང་བློ་སྐྱེད་ཇི་ཐོབ་རྣམས་སློབ་གྲྭར་དངོས་སུ་ལག་བསྟར་གནང་གལ་ཆེ་བའི་སྐོར་ལམ་སྟོན་གནང་ཡོད་པ་རེད།

ཟབ་སྦྱོང་གི་ཉིན་དང་པོ་གསུམ་རིང་བཤད་ཁྲིད་གཙོ་བོར་བཟུང་ཡོད་པ་དང་། དེ་རྗེས་ཁ་ཡོད་ལག་བཞག་གི་སྦྱོང་བརྡར་གནང་ཞིང་། སྐབས་དེར་ཚོགས་བཅར་བ་རྣམས་ལ་མིའི་བསམ་བློའི་ཁྱེར་ཕྱོགས། ཡར་རྒྱས་གྱི་འཆར་གཞི། ཤེས་ཡོན་གྱི་ཁོར་ཡུག་སོགས་ཀྱི་སྐོར་ངོ་སྤྲོད་དང་སློབ་ཁྲིད་གནང་ཡོད།

ཟབ་སྦྱོང་གི་མཇུག་སྡོམ་མཛད་སྒོའི་ཐོག་ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་དང་། ཨོསྟྲེ་ལི་ཡཱར་ཡོད་པའི་རོགས་སྐྱོར་བ་ས་ལི་ཀོ་ནེ་ལན་ (Sally Connellan) ལགས་དྲ་ཐོག་ནས་ཚོགས་བཅར་ཞུས་ཐོག བསྟན་འཛིན་རྡོ་རྗེ་ལགས་ནས་སློབ་སྟོན་པ་ལྷ་མོ་སྤེན་པ་ལགས་ནས་ཟབ་ཁྲིད་གནང་བ་དང་། ས་ལི་ཀོ་ནེ་ལན་ལགས་ནས་ཟབ་སྦྱོང་ལ་དཔལ་འབྱོར་མཐུན་འགྱུར་གནང་བར་ཐུགས་རྗེ་ལེགས་འབུལ་ཞུས་པ་དང་སྦྲགས། སྔོན་འགྲོའི་དགེ་རྒན་རྣམས་ཀྱི་གལ་གནད་དང་། ཟབ་སྦྱོང་སྐབས་ཐོབ་པའི་བློ་སྐྱེད་རྣམས་འཛིན་གྲྭར་ལག་བསྟར་གནང་དགོས་པའི་འབོད་སྐུལ་གནང་ཡོད་པ་བཅས།།

སྔོན་མ།
ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་གི་རྒན་བདག་རྣམས་ལ་འགོ་ཁྲིད་ཟབ་སྦྱོང་གནང་འགོ་ཚུགས་པ།
ཕྱི་མ།
ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་སཾ་བྷོ་ཊོའི་ཁྱབ་ཁོངས་སློབ་གྲྭའི་འགན་འཛིན་རྣམས་ལ་དམིགས་པའི་འགོ་ཁྲིད་ཟབ་སྦྱོང་ལེགས་པར་མཇུག་སྒྲིལ།
Menu