ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་གི་རྒན་བདག་རྣམས་ལ་འགོ་ཁྲིད་ཟབ་སྦྱོང་གནང་འགོ་ཚུགས་པ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡༢ ཚེས་ ༢༡ ཉིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བཞུགས་སྒར་ཉེ་འདབས་སུ་ཆགས་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་གི་རྒན་བདག་རྣམས་ལ་འགོ་ཁྲིད་ཟབ་སྦྱོང་གནང་འགོ་ཚུགས་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩:༣༠ ཙམ་ལ་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་དང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་པ་སངས་ཚེ་རིང་ལགས། ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས། དྲུང་ལས་རྡོ་རྗེ་དབང་འདུས་ལགས། དྲུང་ལས་ཚེ་རིང་དབྱངས་སྐྱིད་ལགས། བོད་སློབ་ཁག་ནས་ཕེབས་པའི་སློབ་དགེ་དང་སློབ་ཕྲུག་རྣམ་པ་བཅས་ཚང་འཛོམས་ཐོག་ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོའི་ཐོག་མར་ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ནས་ཕེབས་བསུའི་གསུང་བཤད་དང་སྦྲགས། འགོ་ཁྲིད་ཟབ་སྦྱོང་གི་འཕེལ་རིམ་དང་། དམིགས་ཡུལ་སོགས་ཀྱི་སྐོར་ངོ་སྤྲོད་གནང་རྗེས་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ཟབ་སྦྱོང་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་རེད།

དེ་ཡང་ཤེས་རིག་བཀའ་བློན་མཆོག་གིས་གཞོན་སྐྱེས་རྣམས་བོད་ཀྱི་མ་འོངས་པའི་འགན་འཁུར་མཁན་འགོ་ཁྲིད་ཡིན་པས་འགོ་ཁྲིད་ཟབ་སྦྱོང་དེ་ལྟ་བུ་གོ་སྒྲིག་གནང་བར་དམིགས་ཡུལ་ཆེན་པོ་ཡོད་པ་དང་། དེ་ལྟར་གཞོན་སྐྱེས་རྣམས་ཀྱང་མ་འོངས་བོད་དོན་འཐབ་རྩོད་ཀྱི་འགན་ཁུར་ཐུབ་མཁན་ཞིག་ཆགས་དགོས་པའི་ལམ་སྟོན་དང་སྦྲགས། བོད་མི་སྐྱབས་བཅོལ་བ་རྣམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་དག་པའི་དབུ་ཁྲིད་ལམ་སྟོན་འོག་བཙན་བྱོལ་སྤྱི་ཚོགས་མ་འདྲ་བ་ཞིག་ཆགས་ཡོད་པ་དང་། དམིགས་བསལ་མགོན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བཙན་བྱོལ་བོད་མི་རྣམས་ལ་གནའ་དེང་ཟུང་སྦྲེལ་གྱི་ཤེས་ཡོན་གྱི་གོ་སྐབས་བཟང་པོ་ཐོབ་ཡོད་པ་དྲན་སྐུལ་གནང་ཡོད།

དེ་བཞིན་བཀའ་བློན་མཆོག་གིས་དེང་རབས་ཀྱི་གཞོན་སྐྱེས་རྣམས་ལ་དུས་དང་འཚམས་པའི་ཟབ་སྦྱོང་དང་། ལམ་སྟོན། དགོས་ངེས་མཐུན་རྐྱེན་སོགས་ཕྱོགས་ཡོངས་ནས་ཧ་ཅང་བཟང་པོ་ཐོབ་པ་ནི་གཞོན་སྐྱེས་རྣམས་ཀྱི་བསོད་ནམས་ཡིན་པས། དེ་དོན་གོ་སྐབས་དམ་འཛིན་གནང་གལ་ཆེ་བའི་སྐོར་གསུངས་པ་མ་ཟད། དེ་ལས་འཕྲོས་ཏེ་ཁོང་མོས་འགོ་ཁྲིད་ཀྱི་ཁྱད་ཆོས་དང་། བསམ་བློའི་ཁྱེར་གསོ། ལས་དོན་སྤེལ་ཕྱོགས་སོགས་ཀྱི་སྐོར་དཔེ་མཚོན་དང་། སྐྱེས་ཆེན་དམ་པའི་གསུང་ལུང་འདྲེན་ཞུས་ཏེ་རྒྱུས་སྟོན་གནང་ཡོད། དེ་མཚུངས་བཀའ་བློན་མཆོག་གིས་བོད་ཀྱི་སྐད་ཡིག་གི་གལ་གནད་དང་འབྲེལ་བོད་མི་གཞོན་སྐྱེས་རྣམས་ཀྱིས་བོད་ཀྱི་སྐད་དང་ཡི་གེར་དོ་སྣང་སློབ་སྦྱོང་གནང་དགོས་པའི་ཁར་རྒྱུན་ལྡན་ནས་བོད་སྐད་གཙང་མ་རྒྱག་ཐབས་ལ་འབད་རྩོལ་རྒྱུན་ཆགས་སུ་གནང་དགོས་པའི་ལམ་སྟོན་གནང་ཡོད་པ་རེད།

སྤྱིར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་ཞུ་བཞིན་པའི་གཞོན་སྐྱེས་འགོ་ཁྲིད་ཟབ་སྦྱོང་ཐེངས་བཅུ་པ་དེ་བཞིན་ཕྱི་ལོ་ ༢༠༢༣ ཟླ་བ་ ༡༢ ཚེས་ ༢༡ ནས་ ༢༧ འཚོག་གི་ཡོད་པ་དང་། འདི་ལོའི་ཟབ་སྦྱོང་ནང་རྒྱ་བལ་གཉིས་སུ་གནས་འཁོད་བོད་སློབ་གྲངས་ ༡༦ ནས་སློབ་གྲྭ་སོ་སོའི་རྒན་བདག་ ༤༤ དང་། ལམ་སྟོན་པ་དགེ་རྒན་གྲངས་ ༡༦ མཉམ་ཞུགས་ཀྱིས་འགོ་ཁྲིད་ནུས་སྩལ་དང་། འབྲེལ་ལམ་གྱི་སྩལ། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད། དབུ་མའི་ལམ་གྱི་སྲིད་བྱུས་གོ་རྟོགས། དཔེ་ཀློག་གི་གལ་གནད་དང་ཐབས་ལམ། ཤེས་རིག་སློབ་ཡོན། བོད་ཀྱི་སྐད་དང་རིག་གཞུང་གི་གལ་གནད། ཤེས་ཡོན་གྱི་དམིགས་ཡུལ། བོད་མིའི་སྒྲིག་འཛུགས་ཀྱི་ངོ་སྤྲོད། དྲྭ་རྒྱའི་ཉེན་སྲུང་དང་བདེ་འཇགས། ཕོ་མོ་འདྲ་མཉམ་གྱི་གོ་རྟོགས་ཀྱི་སྐོར་ལམ་སྟོན་སློབ་ཁྲིད་གནང་གི་ཡོད་པ་བཅས།།

སྔོན་མ།
བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་བོད་ཡིག་སློབ་དེབ་གཏན་འབེབས་ཚོགས་འདུ།
ཕྱི་མ།
ཤེས་རིག་ལས་ཁུངས་ཀྱིས་སྔོན་འགྲོའི་དགེ་རྒན་རྣམས་ལ་རྒྱུན་གཏན་ལས་རིགས་ཀྱི་ཟབ་སྦྱོང་གོ་སྒྲིག་གནང་བ།
Menu