ཟླ་རེའི་གསར་འགྱུར།

ས་རཱ་མཐོ་སློབ་ཀྱི་མཐོ་རིམ་རིག་གནས་རབ་འབྱམས་པ་སྐབས་བཅུ་གཅིག་པའི་བསླབ་པ་མཐར་སོན་གྱི་མཛད་སྒོ་ཚོགས་པ།

གསར་འཕྲིན།

    ༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༣༠ སྔ་དྲོ་ཆུ་ཚོད་༡༠།༣༠ ཐོག་ས་རཱ་མཐོ་སློབ་ཀྱི་མཐོ་རིམ་རིག་གནས་རབ་འབྱམས་པ་སྐབས་བཅུ་གཅིག་པའི་བསླབ་པ་མཐར་སོན་པའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་གདན་ཞུས་ཀྱིས། ཐོག་མར་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས་ཀྱིས་ད་བར་ས་རཱ་མཐོ་སློབ་ནས་མཐོ་རིམ་རིག་གནས་རབ་འབྱམས་པའི་སློབ་མ་གྲངས་ ༢༥༨ དང་གཞི་རིམ་བར་མ་དང་འོག་མའི་དགེ་རྒན་གྲངས་ ༢༤༠ དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་དགེ་འོས་ ༨༢ ཕྱི་རྒྱལ་སློབ་མ་གྲངས་ ༢༠༦ དང་། རྒྱ་གར་མཐོ་སློབ་ནང་བོད་རིགས་སློབ་མ་གྲངས་ ༣༨༨ ལ་དབྱར་དུས་ཟླ་བ་གཅིག་གི་བོད་ཡིག་སྦྱོང་བརྡར་དང་། ཟུར་སྦྱོང་སློབ་མ་ ༡༦༢ གསོ་སྐྱོང་གནང་བ་དང་། གཞན་ཡང་གཞི་རིམ་གོང་འོག་བར་གྱི་དགེ་རྒན་ཟབ་སྦྱོང་དང་གཞུང་ཞབས་འདེམས་ལྷན་གྱི་ལས་བྱེད་ཟབ་སྦྱོང་སོགས་སྣ་ཚོགས་པའི་སྒོ་ནས་བཙན་བྱོལ་སྤྱི་ཚོགས་ནང་ཤེས་ཡོན་དང་འབྲེལ་བའི་སྐོར་ལས་འཆར་སྤེལ་བའི་ལས་བསྡོམས་སྙན་སྒྲོན་དང་སློབ་ཐོན་པ་རྣམས་ལ་ལམ་སྟོན་གནང།
    དེའི་རྗེས་སུ་རིགས་སློབ་མ་ལག་དང་བཅས་པའི་འགན་འཛིན་གཞོན་པ་སྐལ་བཟང་དགྲ་འདུལ་ལགས་ཀྱིས། སློབ་ཐོན་སློབ་མ་རྣམས་དགེ་བཤེས་དམ་པའི་ཐུགས་རེ་ལྟར་ཤེས་ཡོན་ཐོག་སྦྱང་བརྩོན་དགོས་པའི་ལམ་སྟོན་གསུང་བཤད་དང། མཐོ་སློབ་དུས་དེབ་ཆེད་རྩོམ་འགྲན་བསྡུར་གྱི་ཨང་རིམ་སོན་པའི་སློབ་མ་རྣམས་ལ་བྱ་དགའ་གནང།
    དེ་ནས་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་མཆོག་གིས་མཐོ་རིམ་རིག་གནས་རབ་འབྱམས་པ་སྐབས་བཅུ་གཅིག་གི་མཐར་ཕྱིན་དཔེ་དེབ་<<ཕྱིར་དྲན>>དང། མཐར་ཕྱིན་སློབ་མ་དཀོན་མཆོག་རྒྱ་མཚོས་བརྩམས་པའི་དཔེ་དེབ་<<མིག་ཆུ>>ཞེས་པའི་དཔེ་དེབ་གཉིས་དབུ་འབྱེད་གནང་སྟེ། མཐོ་རིམ་རིག་གནས་རབ་འབྱམས་པ་སྐབས་བཅུ་གཅིག་པའི་བསླབ་པ་མཐར་སོན་པའི་སློབ་མ་རྣམས་ལ་མཇལ་དར་དང་ཕྱག་འཁྱེར་གནང་ནས་མཇུག་བསྡོམས་ལམ་སྟོན་གསུང་བཤད་གནང་གསལ། ས་རཱ་མཐོ་རིམ་སློབ་གཉེར་ཁང་ནས་བོད་པའི་སྐད་ཡིག་དང་རིག་གནས་སྲུང་སྐྱོབ་དང། མི་ཉམས་རྒྱུན་འཛིན་ཐོག་དགེ་བཤེས་དམ་པའི་ཐུགས་རེ་ལྟར་གནང་བར་བསྔགས་བརྗོད་དང་མཐོ་རིམ་རིག་གནས་སློབ་ཐོན་པ་རྣམས་ནས་བོད་ཀྱི་སྐད་ཡིག་དང་རིག་གནས་ཐོག་སློབ་སྦྱོང་མུ་མཐུད་གནང་སྟེ་༸གོང་ས་མཆོག་གི་དགོངས་བཞེད་དང་མཐུན་པའི་རིགས་གཅིག་རྐང་འཛིན་ཐོག་འགྲོ་ཐུབ་པ་གནང་རྒྱུ་དང་། སྤྱི་ཚོགས་གང་དུ་ཕྱག་ལས་གནང་ཡང་མིག་དཔེ་འོས་པ་ཞིག་བྱ་གལ། སོ་སོའི་ཤེས་ཡོན་གོང་མཐོར་གཏོང་རྒྱུ་མུ་མཐུད་ཤུགས་སྣོན་རྒྱག་དགོས་པ་དང་། གཞན་ཡང་ས་རཱ་མཐོ་སློབ་ཏུ་སློབ་སྦྱོང་གནང་བཞིན་པ་རྣམས་ནས་ཕྱི་ནང་གི་མཐུན་རྐྱེན་ཆ་ཚང་འཛོམས་པའི་སློབ་ཁང་འདི་འདྲ་ཞིག་གི་ནང་སློབ་སྦྱོང་གནང་རྒྱུའི་གོ་སྐབས་ཐོབ་པ་ནི་བསོད་ནམས་ཅན་ཞིག་ཡིན་པ་ངོས་འཛིན་ཐུབ་པའི་ཐོག་ནས་ཤེས་ཡོན་ཐོག་འབད་འབུངས་དགོས་པ་སོགས་ཀྱི་ལམ་སྟོན་གསུང་བཤད་གནང། དེ་ནས་ས་རཱ་མཐོ་སློབ་ཀྱི་རྩོམ་རིག་སློབ་དཔོན་ངག་དབང་རྡོ་རྗེ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ནས་མཛད་སྒོ་ལེགས་གྲུབ་བྱུང་བ་བཅས།

སྔོན་མ།
འཛིན་གྲྭ་བདུན་པའི་སྤྱི་ཚོགས་ཚན་རིག་སློབ་དེབ་བསྐྱར་ཞིབ།
ཕྱི་མ།
འཛིན་རིམ་བཅུ་གཉིས་སློབ་ཐོན་ཟིན་པའི་སློབ་མ་རྣམས་ལ་རྒྱུས་སྟོན་ཐེངས་བརྒྱད་པ་གནང་བ།
Menu