ཟླ་རེའི་གསར་འགྱུར།

སོན་རྩ་བྱིས་པའི་དེབ་ཕྲེང་འབྲི་རྩོམ་པ་དང་རི་མོ་འབྲི་མཁན་གྱི་ཟབ་སྦྱོང་ཐེངས་དང་པོ།

༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༤ ཉིན་འདི་ག་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་དང་ཤེས་རིག་རྩོམ་སྒྲིག་སྡེ་ཚན་གྱིས་འགན་འཁུར་ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་སོན་རྩ་བྱིས་པའི་དེབ་ཕྲེང་འབྲི་རྩོམ་བྱེད་མཁན་དང་རི་མོ་འབྲི་མཁན་ཁྱོན་མི་གྲངས་ ༡༩ ལ་སོན་རྩ་བྱིས་པའི་དེབ་ཕྲེང་འབྲི་རྩོམ་དང་རི་མོ་འབྲི་མཁན་གྱི་ཟབ་སྦྱོང་ཐེངས་དང་པོ་འགོ་འཛུགས་གནང་སོང།
    དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་ཟབ་སྦྱོང་བ་རྣམས་ལྷན་འཛོམས་ཀྱི་ཤེས་རིག་རྩོམ་སྒྲིག་སྡེ་ཚན་གྱི་འགན་འཛིན་ཨཙཱརྱ་ཀརྨ་སྨོན་ལམ་ལགས་ཀྱིས་ཟབ་སྦྱོང་གི་དགོས་དམིགས་སྐོར་ངོ་སྤྲོད་གནང་དོན། དེ་རིང་ང་ཚོ་འདི་གར་ཉིན་བཞིའི་རིང་གི་ཟབ་སྦྱོང་འཚོགས་རྒྱུ་འདི་ཨ་རིའི་བོད་ཀྱི་ཐེབས་རྩ་དང་འབྲེལ་བ་ཡོད་པའི་ཐོག་ཕྲུ་གུ་ཆུང་ཆུང་ཚོའི་ཆེད་དཔེ་དེབ་བཞི་བཅུ་ལྔ་བཅུ་ཙམ་ཞིག་པར་སྐྲུན་བྱེད་རྒྱུའི་འཆར་གཞི་ཡོད་པའི་ཆ་ཤས་ལྟ་བུར་ང་ཚོས་རང་ལོ་བཞི་ནས་བདུན་བར་གྱི་ཕྲུ་གུར་ཐོག་མར་ཀློག་རྩལ་དང་གོ་བ་ཡག་པོ་ཡོང་ཆེད་རི་མོ་མང་པོ་ཡོད་པའི་སོན་རྩ་བྱིས་པའི་དེབ་ཕྲེང་ཞིག་བསྒྲིག་རྒྱུའི་འཆར་གཞི་ཡོད། དེ་སྔ་རྩོམ་ཡིག་དང་རི་མོ་གཉིས་འགྲན་བསྡུར་གྱི་གསལ་བསྒྲགས་བྱས་པ་ལྟར། སྤྱིར་བཏང་ང་ཚོར་རྩོམ་ཡིག་དང་རི་མོ་ཁྱོན་དགུ་བཅུ་གོ་གྲངས་ཤིག་འབྱོར་ཡོད། དེ་དག་ཁྲོད་ནས་ཉི་ཤུ་རྩ་གྲངས་ཤིག་དྲག་འདེམས་བྱས་ཡོད་ཁོངས་ནས་རི་མོ་འབྲི་མཁན་མི་གསུམ་དང་རྩོམ་ཡིག་འབྲི་མཁན་མི་བཅུ་དྲུག་བཅས་ཁྱོན་མི་གྲངས་ ༡༩ དངོས་སུ་ཟབ་སྦྱོང་ནང་མཉམ་ཞུགས་གནང་ཐུབ་ཡོད། ཟབ་སྦྱོང་འདི་གྲུབ་མཚམས་མུ་མཐུད་ནས་ཕྱག་ལས་གནང་ཐུབ་མཁན་ཚོར་འབྲེལ་བ་བྱས་ཏེ་རི་མོ་དང་རྩོམ་ཡིག་འབྲི་མཁན་རྣམ་པས་མུ་མཐུད་ཕྱག་ལས་གནང་སྟེ་ལོ་འདི་རྫོགས་ཉེའི་མཚམས་ཤོག་ལྷེ་ཉི་ཤུ་ལྷག་ཙམ་ཡོད་པའི་དེབ་ཕྲེང་བཞི་བཅུ་པར་སྐྲུན་བྱེད་ཐུབ་པའི་འཆར་གཞི་དེ་ལྟར་རེད། ཅེས་ངོ་སྤྲོད་གནང་ཡོད།
    དེ་ནས་ཟབ་ཁྲིད་གནང་མཁན་ལྡི་ལི་གཙུག་ལག་སློབ་གཉེར་ཁང་གི་ཁྱབ་ཁོངས་དགེ་རྒན་འོས་སྦྱོང་ནང་ལས་དོན་གཉེར་བཞིན་པའི་ལྕམ་སྐུ་ལཱ་ངྷི་ཌ་གྷུབ་ཊ་ལགས་ཀྱིས་ཁོང་མོ་རང་ཉིད་ངོ་སྤྲོད་དང་འབྲེལ་ཟབ་སྦྱོང་འགོ་འཛུགས་གནང་ཡོད།  ཟབ་སྦྱོང་འདི་བཞིན་ཕྱི་ཚེས་ ༡༤ ནས་ ༡༧ བར་འཚོགས་རྒྱུ་ཡིན་འདུག་པ་བཅས།

སྔོན་མ།
གཏན་ཉིན་སློབ་ཁག་གི་ཆོས་དགེའི་ཟབ་སྦྱོང་མཇུག་བསྒྲིལ་བ།
ཕྱི་མ།
ཚོང་རིག་བསླབ་གཞི་རྩ་འཛིན་གཏན་འབེབས་ཚོགས་འདུ།