ཟླ་རེའི་གསར་འགྱུར།

སོན་རྩ་བྱིས་པའི་དེབ་ཕྲེང་དབུ་འབྱེད་གནང་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༧ ཉིན་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་འདི་ག་ཤེས་རིག་ལས་ཁུངས་ནས་རྩོམ་སྒྲིག་དང་པར་འགྲེམས་ཞུས་པའི་སོན་རྩ་བྱིས་པའི་དེབ་ཕྲེང་ ༤༠ ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་དབུ་འབྱེད་གནང་།
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢ ཙམ་ལ་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང་། ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ལགས། ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་དྲུང་འཕར་ཚེ་རིང་བསམ་གྲུབ་ལགས། ཤེས་རིག་རྩོམ་སྒྲིག་དང་བརྡ་ཆད་ཚན་པའི་འགན་འཛིན་ཟུར་པ་ཀརྨ་སྨོན་ལམ་ལགས། སམ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་རྣམ་རྒྱལ་ཡར་འཕེལ་ལགས། དྷ་ས་བོད་ཁྱིམ་གྱི་ཤེས་ཡོན་ངེས་སྟོན་པ་བསོད་ནམས་སྲི་གཅོད་ལགས། བོད་ཁྱིམ་སྟེང་ཤོད་གཉིས་ཀྱི་སློབ་སྤྱི། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་དགེ་ཆེ། ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་ཁག་གཅིག དེ་བཞིན་ཕྱི་ནང་གི་གསར་འགོད་པ་བཅས་ཚང་འཛོམས་ཀྱི་ཐོག་མར་ཤེས་རིག་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་གྲུབ་མཚམས་སྐུ་མགྲོན་གཙོ་བོ་མཆོག་གིས་སོན་རྩ་བྱིས་པའི་དེབ་ཕྲེང་དབུ་འབྱེད་གནང་སྟེ་གསུང་བཤད་གནང་དོན།
ཚང་མར་འཚམས་འདྲི་ཞུ་བ་དང་སྦྲགས་དེ་རིང་སོན་རྩ་བྱིས་པའི་དབུ་འབྱེད་ཀྱི་མཛད་སྒོ་རེད། འོན་ཀྱང་རྣམ་པ་ཚོར་དུས་ཚོད་སྐར་མ་ཁ་ཤས་ཤིག་དགོངས་བཞེས་གནང་རོགས། གང་ལགས་ཤེ་ན། ཕྱི་ལོ་ ༢༠༡༢ ནས་སྤྱི་ཡོངས་ཀྱི་འཆར་གཞི་ཞིག་གི་ནང་ནས་ཚན་པ་ཞིག་ཆགས་ཀྱི་ཡོད། ང་ཚོས་བྱིས་པའི་ཀློག་རྩལ་དེ་ཉིད་གལ་ཆེན་པོ་ཞིག་བརྩི་བའི་ནང་ནས་སྡེ་ཚན་ལྔ་པ་ཆགས་ཡོད། དེ་རིང་འདིར་ཤེས་ཡོན་གྱི་ཐད་འགན་འཁྱེར་མཁན་མང་པོ་ཞིག་སླེབས་འདུག དེར་བརྟེན་ངས་འདི་གནད་འགག་མཐོང་ནས་བྱུང་རིམ་ལྟ་བུ་ཐུང་ངུ་ཞིག་ཞུ་ན་དྲན་བྱུང་།
ཕྱི་ལོ་ ༢༠༡༢ ནང་ང་རང་ཤེས་རིག་ལས་ཁུངས་ནང་དྲུང་ཆེའི་འགན་འཁྱེར་ནས་ཞབས་ཞུ་ཞུ་རྒྱུའི་གོ་སྐབས་ཐོབ་བྱུང་།   སྐབས་དེར་ཤེས་རིག་བཀའ་བློན་དཔལ་ལྡན་སྲིད་སྐྱོང་མཆོག་རེད།  ཕྱི་ལོོ་ ༢༠༡༢ ཕྱི་ཟླ་ ༩ གཡས་གཡོན་ཞིག་ལ་ང་ཚོའི་ཤེས་ཡོན་འགན་འཛིན་ཡོད་པའི་ཐོག་ནས་བོད་པའི་སློབ་གྲྭ་ཁག་གི་ཤེས་ཡོན་གྱི་གནས་སྟངས་ཐོག་འདོད་བློ་ཁེངས་ངེས་ཤིག་དང་སྤུས་ཚད་ལྡན་པ་ཞིག་ཡོང་གི་མེད་པའི་བཀའ་མོལ་གླེང་མཁན་མང་པོ་བྱུང་ཡོད། དེའི་ཐོག་ལ་སྲིད་སྐྱོང་མཆོག་ནས་ཀྱང་བཀའ་ཤག་སྐབས་ ༡༤ དེས་ཤེས་ཡོན་འདི་གལ་ཆེ་ཤོས་སུ་བརྩི་བཞིན་སྐོར་གསུངས་པ་རེད།
དཔལ་ལྡན་སྲིད་སྐྱོང་མཆོག་ནས་ཀྱང་བཀའ་བློན་གྱི་འགན་བཞེས་པ་རེད། སྐབས་དེར་ཉིན་གྲངས་གཉིས་རིང་རྒྱལ་སྤྱིའི་རང་བཞིན་ལྡན་པའི་མཁས་པའི་ཚོགས་འདུ་ཞིག་ཚོགས་ཡོད། དེའི་ནང་ལ་བོད་རིགས་དང་གཞན་ཡང་ཕྱི་རྒྱལ་ཨ་རི་དང་ཁེ་ན་ཌ་ནས་ཕེབས་ཡོད་པ་མ་ཟད།    ལྷག་པར་དུ་རྒྱ་གར་གྱི་མཁས་པ་ཁག་གཅིག་ཀྱང་ཡོད། མཁས་དབང་ཚོས་ལམ་སྟོན་གནང་བའི་ནང་ནས་གལ་ཆེ་ཤོས་གཉིས་བྱུང་སོང་།   དང་པོ་དེར་གཞི་རིམ་འོག་མའི་ཤེས་ཡོན་ཐོག་ལ་ཤུགས་སྣོན་རྒྱག་དགོས་པ་དང་།  གཉིས་པ་དེར་དགེ་རྒན་གྱིས་ཁྱད་ལས་དང་ཤེས་ཡོན་སྤུས་ཚད་ཐོག་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཡིན་པ་ར་སྤྲོད་བྱུང་ཡོད།
དེར་བརྟེན་གཞི་རིམ་འོག་མའི་ཤེས་ཡོན་ཐོག་ལ་ཤུགས་རྒྱག་དགོས་ཀྱི་འདུག  ཅེས་པའི་ལས་འཆར་ཞིག་སོན་རྩ་བྱིས་པའི་དེབ་ཕྲེང་དབུ་འབྱེད་བྱ་རྒྱུ་ཆགས་བཞིན་ཡོད། གཞི་རིམ་འོག་མའི་ལས་འཆར་ཁོངས་ལ་བྱིས་པའི་ཀློག་རྩལ་ཡར་རྒྱས་གཏོང་དགོས་རྒྱུ་དང་། སློབ་གྲྭ་སོ་སོ་དང་འཛིན་གྲྭ་སོ་སོའི་ནང་ལ་འཛིན་གྲྭའི་དཔེ་མཛོད་གྲ་སྒྲིག་བྱེད་རྒྱུ་དང་། བྱིས་པར་སློབ་འཁྲིད་གནང་སྟངས་ཀྱི་ཐབས་ལམ་ཐོག་སྦྱོང་བརྡར་ཕུལ། དེ་བཞིན་སློབ་གྲྭ་ཚང་མའི་ནང་ལ་དཔེ་མཛོད་རེ་ཡོད།  དཔེ་མཛོད་དེ་དག་དང་འབྲེལ་བའི་འགན་ཁུར་གནང་ཕྱོགས་ཐད་ཟབ་སྦྱོང་ཕུལ་བ་མ་ཟད།
ཕྲུ་གུའི་ཕ་མ་རྣམས་ལའང་ཟབ་སྦྱོང་ཕུལ་བ་དང་། ལྷག་པར་བྱིས་པའི་སེམས་ཁམས་དང་གནས་ཚད་ལ་དཔགས་པའི་སྒྲུང་དེབ་བཟོ་རྒྱུའི་སྡེ་ཚན་སོགས་ལ་ཤུགས་སྣོན་རྒྱག་དགོས།   ཚོགས་ཆུང་ཞིག་ཟུར་དུ་ཡོད་པ་དང་གཙོ་བོ་སྐུ་ཞབས་ཀྲིཤཎ་ཀུ་མཱར་   Krishna Kumar མཆོག་རྒྱ་གར་ནང་ལ་མཁས་པ་གྲགས་ཅན་དང་ཚང་མས་བཀུར་འོས་པ་ཞིག་ཡིན།   དེར་བརྟེན་ཁོང་གི་དབུ་ཁྲིད་འོག་ཤེེས་རིག་ལས་ཁུངས་དང་འབྲེལ་ཡོད་ལྕམ་སྐུ་ལ་ཏི་ཀ་གུཔྟ་ལགས་  Latika Gupta དང་དེ་བཞིན་ཀརྨ་སྨོན་ལམ་ལགས་ཀྱིས་འགན་འཁྱེར་ནས་ལས་རིམ་འདི་འགོ་བཙུགས་ཡོད།  ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་ཤེས་རིག་ཟུང་དྲུང་བསྟན་འཛིན་པདྨ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད།
སྤྱིར་སོན་རྩ་བྱིས་པའི་དེབ་ཕྲེང་ ༤༠ དབུ་ཅན་དང་དབུ་མེད་གཉིས་ཀྱི་ནང་དཔར་འགྲེམས་ཞུས་པ་དང་། དཔལ་འབྱོར་གྱི་མཐུན་འགྱུར་ཡོངས་རྫོགས་ཨ་རིའི་རོགས་དངུལ་(USAID)དྷ་ས་བོད་ཀྱི་ཐེབས་རྩའི་བརྒྱུད་ནས་གནང་བ་ཡིན་འདུག་པ་བཅས།

སྔོན་མ།
གཞི་རིམ་བར་མའི་བོད་ཡིག་སློབ་དེབ་བསྐྱར་ཞིབ།
ཕྱི་མ།
བྱང་ཨ་མེ་རི་ཀའི་བོད་རིགས་གཟའ་མཇུག་སློབ་གྲྭ་ཁག་གི་སྔོན་འགྲོ་ནས་འཛིན་རིམ་གཉིས་པའི་སློབ་དེབ་བསྐྱར་ཞིབ་ཚོགས་འདུ།
Menu