ཟླ་རེའི་གསར་འགྱུར།

སྐད་ཡིག་གཉིས་པའི་ཐོག་ནས་བོད་ཡིག་སློབ་ཁྲིད་ཀྱི་བཞུགས་མོལ་ཚོགས་འདུ།

གསར་འཕྲིན།

    ཕྱི་ལོ་༢༠༡༣ ཟླ་༥ ཚེས་༢༠ ཉིན། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་དྷ་ས་གངས་སྐྱིད་ཤེས་རིག་ཚོགས་ཁང་དུ་བཞུགས་མོལ་ཚོགས་འདུ་ཞིག་སྐོང་ཚོགས་གནང་ཡོད་འདུག
    ཚོགས་འདུ་འདིའི་བརྗོད་གཞི་ནི། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་རང་རིགས་བོད་མི་རྣམས་ཀྱིས་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་སློབ་ཁྲིད་ཇི་ལྟར་གནང་ཕྱོགས་སྤྱི་དང་། ཁྱད་པར་དེང་སྐབས་ཕྱི་ནང་གང་སར་སློབ་ཁྲིད་ཀྱི་ལག་ལེན་བསྟར་བཞིན་པའི་སྐད་ཡིག་གཉིས་པའི་ལམ་ནས་བོད་ཡིག་སློབ་སྦྱོང་དང་སློབ་ཁྲིད་གནང་ཕྱོགས་ཇི་དགེ་སྐོར་ཡིན་འདུག ཐེངས་འདིའི་ཚོགས་འདུར་ཚོགས་ཞུགས་གནང་མཁན་ནི། ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་སྤྱི་ཁྱབ་ཡིག་ཚང་འགན་འཛིན་དྲུང་འཕར་བཀྲ་ཤིས་དོན་གྲུབ་དང། ཨ་རི་ཝིར་ཇི་ནི་ཡ་གཙུག་ལག་སློབ་གྲྭ་ཆེན་མོའི་བོད་ཡིག་དགེ་རྒན་ཚེ་བརྟན་ཆོས་འབྱོར། བོད་ཀྱི་དཔེ་མཛོད་ཁང་གི་ཡིག་སྒྱུར་སྡེ་ཚན་གྱི་འགན་འཛིན་ཌོག་ཊར་ཆོག་བསྟན་འཛིན་སྨོན་ལམ། དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་བོད་ཡིག་སློབ་དགེ་ཉི་མ་བདེ་སྐྱིད། དྷ་ས་བོད་ཀྱི་ནང་བསྟན་སྲི་ཞུ་ལྟེ་གནས་ཀྱི་འགན་འཁུར་བ་ངག་དབང་འཕྲིན་ལས། ནང་བསྟན་སྲི་ཞུ་ཁང་གི་སློབ་དགེ་བྱམས་པ་ནོར་རྒྱལ། ནང་བསྟན་སྲི་ཞུ་ཁང་གི་ཉམས་ཞིབ་པ་རྒྱ་མཚོ། ཤེས་རིག་ལས་ཁུངས་ཀྱི་དྲུང་ལས་དཔལ་ལྡན་རྡོ་རྗེ། བོད་ཡིག་སློབ་དེབ་རྩོམ་སྒྲིག་པ་དྲུང་ལས་བཀྲ་ཤིས་རྡོ་རྗེ་བཅས་ཁྱོན་མི་སྣ་དགུ་ཚོགས་ཞུགས་གནང་ཡོད།
    ཚོགས་འདུ་འདིའི་འབྱུང་རྐྱེན་དང་གྲུབ་འབྲས་ཇི་ཡིན་ཚོགས་འདུ་གཙོ་སྐྱོང་བ་དྲུང་འཕར་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས། ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་ཀྱི་རིགས་གཅིག་རྐང་འཛིན་ཆེད་ལས་པར་འབྲེལ་གཏུགས་ལས་འཆར་གྱི་ཆ་ཤས་ཤིག་ཡིན་འདུག་ཅིང། ཚོགས་འདུ་འདི་ཉིད་བརྒྱུད་ཕྱིར་སྡོད་བོད་མི་རྣམས་ལ་རང་གི་སྐད་ཡིག་རིག་གནས་སློབ་སྦྱོང་གི་མཐུན་རྐྱེན་ཡར་རྒྱས་གཏོང་ཕྱོགས་དང། ཁྱད་པར་སྐད་ཡིག་གཉིས་པའི་ལམ་ནས་བོད་ཡིག་སློབ་སྦྱོང་བྱེད་མཁན་རྣམས་ལ་གཞི་འཛིན་སའི་བསླབ་གཞིའི་ནང་དོན་དང་གནས་ཚད་སོགས་གཏན་འབེབས་གནང་ཕྱོགས་ཇི་དགེ། ལས་རིགས་དེ་དང་འབྲེལ་ཡོད་བོད་མི་ཚང་མ་མཉམ་ལས་དང་མཉམ་འབྲེལ་གནང་ཕྱོགས་ཇི་དགེ་སོགས་ཀྱི་ཐད་རིན་ཐང་ཅན་གྱི་དགོངས་འཆར་ལྷུག་བརྗོད་གནང་བར་བརྟེན་གཅིག་མཐུན་གྱི་གཟིགས་ཚུལ་མང་པོ་ཞིག་བྱུང་ཡོད་པས། ཕྱིས་འབྱུང་ཤེས་རིག་ལས་ཁུངས་ནས་འདིའི་ཐད་སྲིད་བྱུས་དང་ལས་འཆར་སྤེལ་བར་ཕན་ཐོགས་འབྱུང་ངེས་ཡིན་ཞེས་གསུངས་སོང།

སྔོན་མ།
ཕྱི་ལོ་ ༢༠༡༣ ལོའི་འཛིན་རིམ་བཅུ་གཉིས་སློབ་ཐོན་རྣམས་ལ་རྒྱུས་སྟོན་ཐེངས་དགུ་པ་གནང།
ཕྱི་མ།
གཞི་རིམ་བར་མ་འཛིན་གྲྭ་བརྒྱད་པའི་སྤྱི་ཚོགས་ཚན་རིག་གི་སློབ་དེབ་བསྐྱར་ཞིབ་ཚོགས་འདུ།
Menu