ཟླ་རེའི་གསར་འགྱུར།

སྐབས་དྲུག་པའི་བོད་མིའི་སྒྲིག་འཛུགས་ཀྱི་ཚན་རིག་དང་། རྩིས་རིག ཁོར་ཡུག་བཅས་ཀྱི་འགྲེམས་སྟོན་སེ་ལ་ཀུའི་བོད་ཁྱིམ་དུ་ཚོགས་པ།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་ཕྱི་ལོ་ ༢༠༢༣ ལོའི་སྐབས་དྲུག་པའི་བོད་མིའི་སྒྲིག་འཛུགས་ཀྱི་ཚན་རིག་དང་། རྩིས་རིག ཁོར་ཡུག་བཅས་ཀྱི་འགྲེམས་སྟོན་དེ་བཞིན་སེ་ལ་ཀུའི་བོད་ཁྱིམ་དུ་ཕྱི་ལོ་ ༢༠༢༣ ཟླ་བ་ ༠༧ ཚེས་ ༡༣ ནས་ ༡༦ བར་ཚོགས་ཡོད།

དེ་ཡང་ཐེངས་འདིའི་འགྲེམས་སྟོན་གྱི་བརྗོད་སྙིང་དུ་འཕྲུལ་ཆས་དང་རྩེད་ཆས་ཞེས་བདམ་ཡོད་པ་ལྟར། འགྲེམས་སྟོན་གྱི་དམིགས་ཡུལ་གཙོ་བོ་ནི་བོད་ཕྲུག་རྣམས་ནས་ཚན་རིག་དང་། རྩིས་རིག་དང་འབྲེལ་བའི་རིག་རྩལ་བསྟན་པའི་ཐོག་ཚན་རིག་ལ་དོ་སྣང་དང་འདུ་ཤེས་གོང་མཐོར་གཏང་རྒྱུ་དེ་ཡིན། དེ་སྔོན་འབྲིང་རིམ་དང་མཐོ་རིམ་སློབ་གྲྭ་ཁག་ ༡༩ ནས་འགྲེམས་སྟོན་གྲངས་ ༡༠༨ ཤེས་རིག་ལས་ཁུངས་སུ་ཕུལ་བ་ལྟར། ཤེས་རིག་ལས་ཁུངས་ཀྱིས་འདེམས་བསྐོས་ཞུས་པའི་དཔྱད་ཞིབ་པ་གསུམ་གྱིས་དཔྱད་ཞིབ་གནང་འབྲས་སུ་སློབ་གྲྭ་ ༡༧ ནས་འགྲེམས་སྟོན་གྲངས་ ༤༠ བདམས་ཡོད། སློབ་གྲྭའི་ཁོངས་སུ་རྡ་ས་བོད་ཁྱིམ་སློབ་གྲྭའི་ཁོངས་གཏོགས་སློབ་གྲྭ་གསུམ་དང་། མ་སུ་རི་བོད་ཁྱིམ་ཁོངས་གཏོགས་སློབ་གྲྭ་གཉིས། སམ་བྷོ་ཊ་བོད་སློབ་ཚོགས་པའི་ཁོངས་གཏོགས་སློབ་གྲྭ་བཅུ་གཉིས་ཚུད་ཡོད་ལ། དེའི་སྟེང་གོ་སྒྲིག་གནང་ཡུལ་སློབ་གྲྭ་ནས་འགྲེམས་སྟོན་གྲངས་བཅུ་གོ་སྒྲིག་ཞུས་ཡོད་པ་རེད།

དེ་ཡང་འགྲེམས་སྟོན་དངོས་གཞི་ཕྱི་ཚེས་ ༡༣ ཉིན་དབུ་འཛུགས་ཞུས་ཡོད་པ་དང་། དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཆེད་ཕེབས་ཀྱིས་ཚན་རིག་ཤེས་ཡོན་གྱི་གལ་གནད་འགྲེལ་བརྗོད་དང་འགྲེམས་སྟོན་གྱི་དཔྱད་ཞིབ་པ་ངོ་སྤྲོད་གནང་། དབུ་འབྱེད་མཛད་སྒོ་གྲུབ་མཚམས་མ་འོངས་རྒྱུན་གནས་ཆེད་ཚན་རྩལ་རིག་པའི་གསར་གཏོད་ཅེས་པའི་བགྲོ་གླེང་ཚོགས་འདུ་བསྐོང་ཚོགས་གནང་ཞིང་། ཉིན་རྒྱབ་དཔྱད་ཞིབ་པ་རྣམས་ནས་འགྲེམས་སྟོན་ལ་དཔྱད་ཞིབ་གནང་སྟེ་འགྲེམས་སྟོན་རྩེ་ཕུད་གྲངས་ ༡༤ འདི་ལོར་འཚོག་འཆར་ཡོད་པའི་སྐབས་ལྔ་བཅུ་པའི་(Rashtriya Bal Vaigyanik Pradarshani)ནང་འཚུད་ཐབས་སུ་དྲག་འདེམས་ཀྱིས་རྒྱལ་ཡོངས་ཤེས་ཡོན་ཞིབ་འཇུག་དང་སྦྱོང་བརྡར་ལྷན་ཚོགས་(National Council of Educational Research and Training )སུ་སྤྱན་འབུལ་ཞུས།

ཕྱི་ཚེས་ ༡༤ ཉིན་འགྲེམས་སྟོན་མང་ཚོགས་ལ་གཟིགས་འབུལ་ཆེད་ཨུཏར་ཁནྚ་མངའ་སྡེའི་ཚན་རིག་དང་འཕྲུལ་ཆས་ལྷན་ཚོགས་ཀྱི་ངེས་སྟོན་པ་དུར་ཇེཤ་པནྚ་(Durgesh Pant)ལགས་ནས་དབུ་འབྱེད་གནང་བ་ལྟར། ཉི་འཁོར་བོད་སློབ་དང་དགོན་སྡེ་ཁག་གི་སློབ་གྲྭའི་སློབ་ཕྲུག་རྣམས་ནས་འགྲེམས་སྟོན་ལྟ་ཞིབ་ཀྱིས་བློ་སྐྱེད་གང་ལེགས་ལེན་ཐུབ་པ་བྱུང་།

ཕྱི་ཚེས་ ༡༦ ཉིན་འགྲེམས་སྟོན་མཇུག་བསྡུའི་མཛད་སྒོའི་ཐོག་སློབ་མ་བཞི་ནས་འགྲེམས་སྟོན་གྱི་མྱོང་ཚོར་དང་། སེ་ལ་ཀུ་བོད་ཁྱིམ་སློབ་གྲྭའི་སློབ་སྤྱི་ཚུལ་ཁྲིམས་སྐལ་བཟང་ལགས་ནས་འགྲེམས་སྟོན་ལེགས་གྲུབ་ཀྱི་ཕྱག་འཁྱེར་དང་མཇུག་སྡོམ་གསུང་བཤད་གནང་། འགྲེམས་སྟོན་སྐབས་ཤེས་རིག་ལས་ཁུངས་ཀྱི་ཚན་རིག་ཤེས་ཡོན་འགན་འཛིན་རྡོ་རྗེ་དབང་འདུས་ལགས་ལྷན་དུ་སྡེ་འགན་ཚེ་རིང་དབྱངས་སྐྱིད་ལགས་མཉམ་བཅར་ཞུས་ཡོད།

ཐེངས་འདིའི་འགྲེམས་སྟོན་ཐོག་ཨ་རིའི་རོགས་ཚོགས་(USAID)ཀྱིས་མཐུན་འགྱུར་གནང་ཡོད་པ་བཅས།།

སྔོན་མ།
༢༠༢༣ ལོའི་བོད་མིའི་ཆེད་ལས་སློབ་ཡོན་གསལ་བསྒྲགས།
ཕྱི་མ།
བོད་དགེའི་འོས་སྦྱོང་གི་གསལ་བསྒྲགས།