ཟླ་རེའི་གསར་འགྱུར།

སྒྲིག་ཞུགས་མ་ཡིན་པའི་མཐོ་རིམ་ཉམས་ཞིབ་ཀྱི་ཟབ་སྦྱོང་མཇུག་བསྒྲིལ་བ།

༄༅། །འདི་ག་ཤེས་རིག་ལས་ཁུངས་ནས་སྒྲིག་ཞུགས་མ་ཡིན་པའི་མཐོ་རིམ་ཉམས་ཞིབ་ཀྱི་ཟབ་སྦྱོང་ཐེངས་བཞི་པ་ཕྱི་ལོ་༢༠༡༥ ཟླ་༢ ཚེས་༤ ནས་༩ བར་ས་རཱ་བོད་ཀྱི་མཐོ་སློབ་ཏུ་བསྐོང་ཚོགས་གནང་སྟེ། ཕྱི་ཚེས་༩ ཉིན་ཟབ་སྦྱོང་ལེགས་པར་གྲུབ་ཡོད། ཐེངས་འདིའི་ཟབ་སྦྱོང་གི་མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང། ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས་རྣམ་གཉིས་ཕེབས་གནང་ཡོད།
མཇུག་བསྡོམས་མཛད་སྒོའི་སྐབས། ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས་ནས། ཉམས་ཞིབ་ཀྱི་ལས་དོན་འདི་ཉིད་གལ་གནད་ཧ་ཅང་ཆེན་པོ་ཡིན་སྐོར་དང། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་ནས་དུས་སུ་རིགས་གཅིག་རྐང་འཛིན་གྱི་སློབ་སྦྱོང་གནང་དགོས་སྐོར་བཀའ་སློབ་ཕེབས་པ་དང་། ཞིང་གཤེགས་རྒན་དམ་པ་མཆོག་ནས་ཀྱང་བོད་མི་གཞོན་སྐྱེས་རྣམས་ཀྱིས་ཆེས་མཐོའི་སློབ་གཉེར་གནང་རྒྱུར་ཐུགས་རེ་ཆེན་པོ་གནང་ཡོད་པ་སོགས། ཁོང་རྣམ་པའི་ཐུགས་བསྐྱེད་སྨོན་ལམ་ལ་བརྟེན་ནས། ས་རཱ་མཐོ་སློབ་ཏུ་གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་འགོ་འཛུགས་ཐུབ་པ་བྱུང་སྐོར་དང།  མ་འོངས་པར་ཡང་ཉམས་ཞིབ་པ་རྣམ་པས་སློབ་སྦྱོང་མུ་མཐུད་གནང་སྟེ། རང་གི་ཉམས་ཞིབ་བྱས་པའི་ཆེད་ལས་སློབ་ཚན་ཐོག་སློབ་གཉེར་གཏིང་ཚུགས་པ་ཞིག་ཡོང་རྒྱུའི་ལམ་སྟོན་གནང་ཡོད།
དེ་རྗེས་ཤེས་རིག་བཀའ་བློན་མཆོག་ནས་ཉམས་ཞིབ་པ་རྣམས་ལ་མཇལ་དར་དང་ཕྱག་འཁྱེར་གནང་རྗེས། སྤྱིར་ཤེས་རིག་ལས་ཁུངས་ཀྱིས་ཤེས་ཡོན་ལ་གལ་གནད་ཆེ་ཤོས་སུ་བརྩི་བ་དང། ལྷག་པར་ཉམས་ཞིབ་ཀྱི་ལས་དོན་འདི་ཉིད་གལ་གནད་ཧ་ཅང་ཆེན་པོ་ཡིན་སྟབས། གལ་ཆེ་དོན་ཆེན་དུ་བརྩིས་ནས་དེ་རིང་འདིར་ཆེད་དུ་བཅར་བ་ཡིན། འཇེའུ་མི་རིགས་ཀྱིས་སློབ་གཉེར་གཏིང་ཟབ་གནང་ནས་རིགས་གཅིག་རྐང་འཛིན་མཐར་ཕྱིན་པ་ཞིག་ཡོང་རྒྱུའི་འབད་བརྩོན་བྱེད་པ་ལྟར། ང་ཚོ་བོད་པའི་སློབ་གཉེར་བ་རྣམས་ནས་ཀྱང་སྤུས་ཚད་ལྡན་པའི་སློབ་སྦྱོང་བྱེད་པ་དང།  དགག་བཞག་སྤོང་གསུམ་གྱི་ལམ་ནས་སློབ་གཉེར་མཐར་ཕྱིན་པ་ཞིག་གནང་སྟེ། མཐར་ཉམས་ཞིབ་ཀྱི་གྲུབ་དོན་ལེགས་པོ་ཞིག་ཐོན་ཐབས་བྱ་དགོས་པ་ཡིན། དེ་འདྲའི་གཏིང་ཟབ་པོའི་ཤེས་ཡོན་འཇགས་རྒྱུར་འདི་ལྟའི་ཉམས་ཞིབ་ཀྱི་ཟབ་སྦྱོང་སྤྲོད་རྒྱུ་ཙམ་མ་ཟད། སློབ་སྦྱོང་གི་འགོ་ཐོག་མ་ནས་ཤུགས་སྣོན་རྒྱག་དགོས་སྟབས། ཤེས་རིག་ལས་ཁུངས་ནས་བྱིས་པའི་ཀློག་རྩལ་ཡར་རྒྱས་གཏོང་ཆེད། དཔེ་དེབ་གསར་རྩོམ་དང་བོད་སྒྱུར་གྱི་ལས་གཞི་རྒྱ་ཆེན་པོ་ཞིག་སྤེལ་བཞིན་ཡོད་པ་དང། དམའ་རིམ་དགེ་རྒན་ཡོངས་རྫོགས་ལ་ཟབ་སྦྱོང་སྣ་ཚོགས་འབུལ་བཞིན་ཡོད། དེ་བཞིན་སྒྲིག་ཞུགས་ཀྱི་ཉམས་ཞིབ་སློབ་ཡོན་ཡང་སྔར་ལས་མང་བ་གནང་བཞིན་ཡོད་སྟབས། རིམ་བཞིན་རང་རེའི་སྤྱི་ཚོགས་ནང་རིགས་གཅིག་རྐང་འཛིན་གང་མང་ཐོན་ཐུབ་རེ་ཡོད་སྐོར་སོགས་ཀྱི་བཀའ་སློབ་གནང་འདུག
ད་ཐེངས་ཀྱི་ཟབ་སྦྱོང་ཁོངས་༢༠༡༣ ལོའི་སྒྲིག་ཞུགས་མ་ཡིན་པའི་མཐོ་རིམ་ཉམས་ཞིབ་པ་རྣམས་དང།  ས་རཱ་མཐོ་སློབ་ཀྱི་གཙུག་ལག་རབ་འབྱམས་པའི་སློབ་མ་བཅས། ཁྱོན་ཉམས་ཞིབ་སློབ་མ་བཅོ་བརྒྱད་མཉམ་ཞུགས་གནང་ཡོད།
ཟབ་སྦྱོང་ཐོག་སློབ་ཁྲིད་གནང་མཁན་གཙོ་བོ་ནི་སྦེང་ལོར་ཏཱ་ལའི་བླ་མ་མཐོ་སློབ་ཀྱི་སློབ་སྤྱི་གཞོན་པ་འབུམ་རམ་པ་པདྨ་དབྱངས་ཅན་ལགས་ཡིན་ཞིང། ཁོང་གིས་ཐོག་མ་ཉམས་ཞིབ་ཀྱི་བརྗོད་གཞི་འདེམས་སྟངས་ནས། མཐར་ཉམས་ཞིབ་ཀྱི་གྲུབ་དོན་སྙན་ཐོ་འབུལ་སྟངས་བར་ཟབ་ཁྲིད་ལེགས་པར་གནང་ཡོད།  གཞན་ཡང་འབུམ་རམ་པ་བདེ་གསལ་ལགས་ནས། མི་ཆོས་རིག་པ་གཙོ་བོར་བཟུང་ནས་ཉམས་ཞིབ་གནང་སྟངས་སྐོར་ལ་སློབ་སྟོན་གནང་བ་དང་།  བོད་མི་མང་སྤྱི་འཐུས་དང་ས་རཱ་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས་ནས། ལོ་རྒྱུས་ཉམས་ཞིབ་བྱེད་སྟངས་སྐོར་སློབ་སྟོན་གནང་བ། ས་རཱ་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་ཚེ་དབང་སྟོབས་ལགས་ནས། ཁོང་རང་ཉིད་ཀྱི་ཉམས་ཞིབ་ཀྱི་ཉམས་མྱོང་གཞིར་བཞག་ནས་ཉམས་ཞིབ་བྱེད་སྟངས་སྐོར་སློབ་སྟོན་གནང་བ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གྲོས་འདོན་པ་བློ་བཟང་ལགས་ནས། བོད་གནས་ཉམས་ཞིབ་སྐོར་སློབ་སྟོན་གནང་བ། དེ་བཞིན་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་དཔེ་མཛོད་དོ་དམ་པ་བསོད་ནམས་སྟོབས་རྒྱལ་ལགས་ནས། བོད་ཀྱི་དཔེ་མཛོད་ཁང་ནས་དེབ་གཡར་སྟངས་དང་ཡིག་ཆ་འཚོལ་སྒྲུབ་བྱ་སྟངས་སྐོར་སློབ་སྟོན་གནང་ཡོད།
ད་བར་ཤེས་རིག་ལས་ཁུངས་ནས་སྒྲིག་ཞུགས་མ་ཡིན་པའི་སློབ་ཡོན་གནང་བ་ནས། ཕྱི་ལོ་༢༠༡༡ གྱི་ལོའི་ཉམས་ཞིབ་གནང་མཁན་ནང་ནས། ཉམས་ཞིབ་པ་གཉིས་ཀྱིས་གྲུབ་དོན་ཆེད་རྩོམ་ཕུལ་ནས། བསླབ་པ་མཐར་སོན་བྱུང་བ་དང། དེ་ནས་ཕྱི་ལོ་༢༠༡༢ ལོར་ཉམས་ཞིབ་གནང་མཁན་ནང་ནས། ཉམས་ཞིབ་པ་བཞིས་གྲུབ་དོན་ཆེད་རྩོམ་ཤེས་རིག་ལས་ཁུངས་ལ་ཕུལ་ཟིན་པ་དང། ཉམས་ཞིབ་པ་རེ་ཟུང་གིས་ཆེད་རྩོམ་འབུལ་རྒྱུའི་དུས་ཚོད་འཕར་འགྱངས་ཞུས་འདུག ཕྱི་ལོ་༢༠༡༣ ལོའི་ཉམས་ཞིབ་པ་རྣམས་ཀྱིས་ཕྱི་ལོ་༢༠༡༦ ལོར་ཉམས་ཞིབ་ཀྱི་ཆེད་རྩོམ་ཤེས་རིག་ལ་ཕུལ་དགོས་ཀྱི་ཡོད་འདུག་པ་བཅས།

སྔོན་མ།
གཏོང་ཕོད་ཅན་གྱི་ཉི་ཧོང་བ་ཞིག་གིས་བོད་མིའི་ཤེས་ཡོན་ཆེད་ཨ་སྒོར་འབུམ་གཅིག་ལྷག་ཞལ་འདེབས་གནང་བ།
ཕྱི་མ།
ཤེས་རིག་བཀའ་བློན་མཆོག་ཨ་རི་དང་ཁེ་ན་ཌར་གཞུང་འབྲེལ་ཕྱོགས་ཕེབས་གནང་།