ཟླ་རེའི་གསར་འགྱུར།

སྔོན་འགྲོའི་དགེ་རྒན་རྣམས་ལ་རྒྱུན་གཏན་ལས་རིགས་ཀྱི་ཟབ་སྦྱོང་འགོ་འཛུགས་གནང་བ།

གསར་འཕྲིན།

༄༅།བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་གོ་སྒྲིག་ཞུ་བཞིན་པའི་ལྷོ་ཁུལ་སློབ་ཁག་གི་སྔོན་འགྲོའི་དགེ་རྒན་རྣམས་ལ་རྒྱུན་གཏན་ལས་རིགས་ཀྱི་ཟབ་སྦྱོང་ཞིག་ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༢༣ ཉིན་འགོ་འཛུགས་གནང་ཡོད་པ་དང་། ཟབ་སྦྱོང་དེ་བཞིན་ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༢༣ ནས་ཟླ་ ༥ ཚེས་ ༣ བར་ཉིན་བཅུའི་རིང་སྦེལ་ཀོབ་སེར་བྱེས་ཡིད་དགའ་ཆོས་གླིང་དུ་འཚོགས་བཞིན་ཡོད།

དེ་ཡང་ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས་ ༢༣ སྔ་དྲོ་ཚོུད་ ༨།༣༠ ཐོག་ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོར། ཁྱད་སྟོན་པ་ལྷ་མོ་སྤེན་པ་ལགས་དང་། ཤེས་རིག་ལས་ཁུངས་ཀྱི་སྐུ་ཚབ་ཏུ་སྦེལ་ཀོབ་ལུགས་བསམ་སཾ་བྷོ་ཊ་ཉིན་སློབ་ཀྱི་སློབ་སྤྱི་ཟླ་བ་བཀྲ་ཤིས་ལགས། དེ་བཞིན་ཟབ་སྦྱོང་དུ་མཉམ་ཞུགས་པ་ལྷོ་ཁུལ་སློབ་ཁག་གི་སྔོན་འགྲོའི་དགེ་རྒན་ ༣༤ བཅས་ཚང་འཛོམས་གནང་ཡོད་ཅིང་། སློབ་སྤྱི་ཟླ་བ་བཀྲ་ཤིས་ལགས་ཀྱིས་ཤེས་རིག་ལས་ཁུངས་ཀྱི་ལམ་སྟོན་བཞིན། ཟབ་སྦྱོང་གི་ཁྱད་སྟོན་པ་དང་མཉམ་ཞུགས་པ་རྣམས་ལ་ཕེབས་བསུ་དང་། ཟབ་སྦྱོང་གི་གལ་གནད་དང་དགོས་དམིགས། ཟབ་སྦྱོང་གྲུབ་མཚམས་ཟབ་སྦྱོང་ནས་གང་སྦྱངས་པ་རྣམས་འཛིན་གྲྭའི་ནང་ལག་བསྟར་གྱིས་སློོབ་ཕྲུག་རྣམས་ལ་ཕན་འབྲས་འབྱུང་དགོས་པ་སོགས་ཀྱི་ལམ་སྟོན་གསུང་བཤད་གནང་།

དེ་རྗེས་ཟབ་སྦྱོང་གི་ཁྱད་སྟོན་པ་ལྷ་མོ་སྤེན་པ་ལགས་ནས་ཟབ་སྦྱོང་གི་དམིགས་ཡུལ་དང་དགོས་མཁོ། ན་ཆུང་བྱིས་པ་རྣམས་ཀྱི་འཚར་ལོངས་ཀྱི་བརྒྱུད་རིམ་སོགས་ངོ་སྤྲོད་གནང་རྗེས་ཟབ་སྦྱོང་འགོ་འཛུགས་གནང་།

ཟབ་སྦྱོང་ཉིན་བཅུའི་རིང་མཉམ་ཞུགས་པ་དགེ་རྒན་རྣམས་ལ་སྔོན་འགྲོའི་ཤེས་ཡོན་གྱི་ཆེད་ལས་པ་ཌོག་ཊོར་མ་རི་ཡཱ་མོན་ཊེ་སོ་རིའི་ལོ་རྒྱུས་ངོ་སྤྲོད་དང་། རྒྱུན་གཏན་ལས་རིགས་ཁོངས་སུ་སློབ་ཕྲུག་རང་ཉིད་དང་ཁོར་ཡུག་བདག་གཅེས། འགུལ་སྐྱོད་ཀྱི་སྟངས་འཛིན་དང་འབྲེལ་མཐུད། བཟང་སྤྱོད་སོགས་སྐོར་བྱེད་སྒོ་དང་ལག་བསྟར་ཉམས་མྱོང་བརྒྱུད་ཟབ་ཁྲིད་གནང་རྒྱུ་དང་། ཟླ་ ༤ ཚེས་ ༢༩ ཉིན་མཉམ་ཞུགས་པ་རྣམས་སྦེལ་ཀོབ་ཁུལ་གྱི་བྱིས་བཅོལ་ཁང་དང་སྔོན་འགྲོའི་སློབ་ཁག་ལ་གཟིགས་ཞིབ་གནང་རྒྱུ་བཅས་ཀྱི་ལས་རིམ་ཡོད།

ཟབ་སྦྱོང་འདི་བཞིན་ཤེས་རིག་ལས་ཁུངས་ཀྱི་ལམ་སྟོན་བཞིན་སྦེལ་ཀོབ་ལུགས་བསམ་སཾ་བྷོ་ཊ་སློབ་གྲྭའི་སློབ་སྤྱིའི་ས་གནས་སུ་འགན་ཁུར་གནང་རྒྱུ་དང་། ཨོ་སི་ཊྲོ་ལི་ཡར་གནས་སྡོད་སེ་ལི་ཁོ་ནེ་ལན་ (Sally Connellan) ལགས་ནས་རོགས་དངུལ་མཐུན་འགྱུར་གནང་བ་ཞིག་ཡིན་པ་བཅས།།

སྔོན་མ།
བོད་སྒྱུར་བྱིས་སྒྲུང་ཞུ་དག་ལེགས་གྲུབ་བྱུང་བ།
ཕྱི་མ།
མཐོ་རིམ་སློབ་ཕྲུག་གི་རྩོམ་འབྲིའི་གསལ་བསྒྲགས།
Menu