༄༅། །དེང་སྐབས་དྷ་སའི་ཉེ་འགྲམ་ས་རཱ་བོད་ཀྱི་མཐོ་སློབ་ཁང་དུ་རྒྱ་བལ་གཉིས་མཐོ་སློབ་གྲངས་ ༣༥ ནང་སློབ་གཉེར་གནང་བཞིན་པའི་བོད་རིགས་སློབ་མ་གྲངས་ ༩༥ ལ་འགོ་ཁྲིད་ཟབ་སྦྱོང་སྤྲོད་བཞིན་པ་ཁོང་རྣམས་ལ་ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༢༨ ཕྱེད་ཡོལ་ཆུ་ཚོད་ ༢ པའི་ཐོག་དྷ་ས་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་ནང་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་འགོ་ཁྲིད་ཀྱི་ཁྱད་ཆོས་གང་ཡིན་པ་དང་། འགོ་ཁྲིད་པས་བཀའ་མོལ་གནང་ཕྱོགས་སོགས་ཀྱི་ཐད་པར་རིགས་ཀྱི་ལམ་ནས་གསུང་བཤད་གནང་དོན།
འགོ་ཁྲིད་ཟེར་ན་གང་འདྲ་ཞིག་ལ་གོ་བ་ཡིན་ཞེ་ན། སྣེ་ཁྲིད་མཁན་ནམ་འགོ་ཁྲིད་མཁན་ཙམ་ཞིག་ལ་འགོ་ཁྲིད་གོ་བ་མིན། སྤྱིར་འཛམ་གླིང་ནང་འགོ་སྣེ་ཁྲིད་མཁན་མང་པོ་ཞིག་ཡོད་ཀྱང་། དེའི་ནང་ནས་གཅིག་དེ་འཆར་སྣང་ཡོད་པ་ཞིག་དང་ལག་བསྟར་ཐུབ་པ་ཞིག་བཅས་གཉིས་སུ་དབྱེ་ཞིང་། འཆར་སྣང་ཡོད་པ་གཅིག་པོས་འགོ་ཁྲིད་ཐུབ་ཀྱི་མེད། དེ་བཞིན་འཆར་སྣང་གང་ཡང་མེད་པར་ལག་བསྟར་ཐུབ་ཐབས་བྲལ། གང་ལྟར་འཆར་སྣང་མང་པོ་ཞིག་ཡོད་པའི་ཐོག་ནས་འཆར་སྣང་དེ་དག་དོན་དངོས་སུ་ལག་བསྟར་ཐུབ་པ་ཞིག་བྱུང་ན། འགོ་ཁྲིད་ནང་ནས་འགོ་ཁྲིད་མི་འདྲ་བ་ཞིག་ཡོང་ངེས།
འགོ་ཁྲིད་ཀྱི་ཁྱད་ཆོས་གལ་ཆེ་བ་གཅིག་ནི་དུས་ཚོད་དེ་ཆགས་ཡོད་པ་དང་། དུས་ཚོད་དེ་གལ་ཆེན་པོར་བརྩིས་ནས་དོ་སྣང་དགོས་པ་དེ་ཧ་ཅང་གི་གནད་འགག་ཆེན་པོ་ཆགས་ཡོད། དེ་བཞིན་འགོ་ཁྲིད་ཀྱི་ཆ་རྐྱེན་གཞན་ཞིག་ནི་ལྷག་བསམ་དེ་ཆགས་ཡོད་པ་དང་། སྤྱིར་འགོ་ཁྲིད་ལ་འགོ་ཁྲིད་ཐུབ་པའི་སྙིང་སྟོབས་དགོས་པ་རེད། འོན་ཀྱང་དཀའ་ངལ་ཆེན་པོའི་རིགས་འཕྲད་སྐབས་སྙིང་སྟོབས་དེ་ཉིད་བརྟན་པོ་གནས་མིན་ངེས་པ་གང་ཡང་མེད། དཔེར་ན་དཀའ་ངལ་ཧ་ཅང་ཞིག་འཕྲད་ནས་སེམས་ཤུགས་ཆག་སྐབས་སེམས་གསོ་གཏོང་མཁན་དེ་ལྷག་བསམ་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་། དེ་རྗེས་སྲིད་སྐྱོང་མཆོག་གིས་སློབ་མ་ཚོར་པར་
རིགས་ཀྱི་ལམ་ནས་འགོ་ཁྲིད་པ་གཅིག་གིས་ངོས་ནས་ལྡིངས་ཆའི་སྟེང་མང་ཚོགས་མདུན་བཀའ་མོལ་གནང་ཕྱོགས་གང་འདྲ་ཞིག་དགོས་སྐོར་གསུང་དོན།
གཏམ་བཤད་བྱ་ཡུལ་དང་བརྗོད་གཞི་གང་ཡིན་པ་དེ་དང་འོས་ཤིང་འཚམ་པའི་ཐོག་བཀའ་མོལ་གནང་དགོོས་པ་དང་། དུས་ཚོད་ངེས་ཅན་ཞིག་གི་ནང་སྐད་ཆ་ཤོད་དགོས་པའི་གནས་སྟངས་སོགས་ཆགས་སྐབས་དང་པོ་རང་ཉིད་ཀྱི་ངོ་སྤྲོད་དང་དེ་ནས་རང་ཉིད་དང་འབྲེལ་བའི་སྐོར། དེ་ནས་ཛ་དྲག་གམ་གནད་དོན་གང་དང་གང་ཡིན་རུང་དེའི་སྐོར་དང་མཐར་ལག་ལེན་འཁྱོལ་ཐབས་སོགས་ཀྱི་རིམ་པ་ཐོག་ནས་བཀའ་མོལ་གནང་དགོས་པ་སོགས་ཁོང་རང་གིས་ཉམས་མྱོང་དང་སྦྲགས་ནས་གསུང་བཤད་གནང་གྲུབ་མཚམས། སློབ་ཕྲུག་ཚོས་དྲི་བར་ལན་འདེབས་གནང་བ་བཅས། །