ཟླ་རེའི་གསར་འགྱུར།

སྲིད་སྐྱོང་མཆོག་གིས་བོད་རིགས་སློབ་ཕྲུག་རྣམས་ཀྱི་འགོ་ཁྲིད་ཟབ་སྦྱོང་གི་མཇུག་བསྡོམས་མཛད་སྒོར་གསུང་བཤད་གནང་།

༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༢ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢ པའི་ཐོག་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་དྷ་ཤོད་བོད་ཁྱིམ་ཚོགས་ཁང་ནང་རྒྱ་བལ་གཉིས་ཀྱི་སློབ་གྲྭ་ཁག་ ༣༡ ནས་སྣེ་ཁྲིད་དགེ་རྒན་ ༣༢ དང་འཛིན་རིམ་བཅུ་པའི་སློབ་ཕྲུག་གྲངས་ ༣༡༠ ལ་འགོ་ཁྲིད་ནུས་པ་སྐྱེད་སྲིང་གི་ཟབ་སྦྱོང་མཇུག་བསྡོམས་མཛད་སྒོ་བསྐྱངས་པ་དང། སྲིད་སྐྱོང་དང་ཤེས་རིག་བཀའ་བློན་གཅིག་ལྕོགས་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་།
    དེ་ཡང་གོང་ཚེས་ཉིན་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་མཆོག་གིས་དབུས་ཤེས་རིག་གི་དྲུང་ཆེ་རྣམ་གཉིས་དང་འབྲེལ་ཡོད་ལས་བྱེད་རྣམ་པ་ལྷན་འཛོམས་ཐོག་ཤེས་རིག་སྲོལ་རྒྱུན་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་ཟབ་སྦྱོང་གི་ལས་བསྡོམས་སྒྲོག་སྦྱང་དང། ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་ཀྱིས་ཟབ་སྦྱོང་དང་འབྲེལ་བའི་གསུང་བཤད། སློབ་གྲྭ་སྡེ་ཁག་ལྔའི་སྐུ་ཚབ་སློབ་ཕྲུག་ཁག་གཅིག་གིས་ཟབ་སྦྱོང་དང་འབྲེལ་བའི་མྱོང་ཚོར་གསུང་བཤད་བཅས་གནང་ཡོད། དེ་རྗེས་སྲིད་སྐྱོང་མཆོག་གིས་སྣེ་ཁྲིད་དགེ་རྒན་རྣམ་པར་མཇལ་དར་དང་སློབ་ཕྲུག་གི་ཕྱག་འཁྱེར། དེ་བཞིན་སློབ་ཕྲུག་ཚོར་མཇལ་དར་གཡོགས་ཏེ་མཇུག་བསྡོམས་ཀྱི་གསུང་བཤད་གནང་དོན།
    ཤེས་རིག་གི་དྲུང་ཆེ་རྣམ་པ་གཉིས་ཀྱིས་གཙོས་ལས་བྱེད་རྣམ་པ་དང་སྣེ་ཁྲིད་དགེ་རྒན་རྣམ་པ། དེ་བཞིན་སློབ་ཕྲུག་རྣམས་ལ་ཕྱི་ལོ་གསར་ཚེས་དང་སྟབས་བསྟུན་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཁྱེད་རང་ཚོ་བོད་རིགས་སློབ་ཕྲུག་གི་འགོ་ཁྲིད་ཟབ་སྦྱོང་ཐོན་ཐེངས་དང་པོ་ཆགས་ཀྱི་ཡོད། ང་སྲིད་སྐྱོང་གི་ངོས་ནས་ཤེས་རིག་གི་དྲུང་ཆེ་རྣམ་པ་གཉིས་ཀྱིས་གཙོས་འགན་འཁུར་ལས་བྱེད་དང་ཕྱག་ལས་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཆེད་མངགས་སོ་སོའི་གུང་གསེང་གི་དུས་ཚོད་བློས་གཏོང་གནང་སྟེ་སློབ་ཕྲུག་རྣམས་ཀྱི་ཆེད་ལྷག་བསམ་རྣམ་དག་ཐོག་ནས་འདིར་ཕེབས་པའི་དགེ་རྒན་རྣམ་པ་ལའང་སྙིང་ཐག་པ་ནས་ཐུགས་རྗེ་ཞུ་རྒྱུ་ཡིན།
    དེ་བཞིན་དྷ་ཤོད་བོད་ཁྱིམ་གྱི་སློབ་སྤྱི་རྣམ་པ་དང་ལས་བྱེད་ ༢༨ ཀྱིས་ཉིན་གྲངས་བརྒྱད་རིང་དུས་ཚོད་བཏང་སྟེ་སྐུ་ལས་བསྐྱོན་པར་བརྟེན། ཁོང་རྣམ་པ་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ནས་སློབ་གྲྭའི་ངོ་ཚབ་ཞུས་ཏེ་སློབ་ཕྲུག་ལྔས་དགོངས་ཚུལ་ཧ་ཅང་ཡག་པོ་གསུངས་སོང་། ཁོང་རྣམ་པས་གསུང་སྟངས་ལ་བལྟས་ན་ཏན་ཏན་ཐུགས་ཕན་སོས་བ་དང་། ང་ཚོས་འཆར་གཞི་དང་རེ་བ་བརྒྱབ་པ་བཞིན་འགྲུབ་སོང་བསམས་པ་བྱུང་། དེ་ནས་བསྔགས་བརྗོད་བྱེད་དགོས་པ་དེ་ཁྱེད་རང་ཚོ་ཞལ་བདེ་པོ་ཡོད་པ་ཡོངས་གྲགས་རེད་འདུག ཁྱེད་རང་ཚོར་ཤོད་རྒྱུ་ཡག་པོ་འདུག འོན་ཀྱང་ཀླད་པ་དཀྲུག་སྟེ་རྟོགས་ཐུབ་རྒྱུ་དེ་གང་འདྲ་ཡོད་མེད་གཟིགས་རྒྱུ་རེད། གོ་རྟོགས་སྤེལ་བ་ཙམ་མིན་པར་དེར་བསམ་ཞིབ་བྱས་ཏེ་སྙིང་དོན་རྟོགས་ཐུབ་པའི་ཐོག་འགྲེལ་བཤད་བརྒྱབ་ཐུབ་མིན་ནི་རིམ་པས་བལྟ་རྒྱུ་རེད། ཁྱེད་རང་ཚོ་སློབ་སྦྱོང་བྱ་རྒྱུ་དེ་མི་ཚེ་བསྐྱལ་རྒྱུ་ཁོ་ནའི་ཆེད་དུ་མིན། རྩ་དོན་རྩོད་རྒྱུའི་ཆེད་སློབ་སྦྱོང་གནང་གི་ཡོད། ཕྱི་ལོ་ ༢༠༠༨ ནས་དུས་ད་ལྟ་བར་དུ་བོད་ནང་ཛ་དྲག་གི་གནས་སྟངས་ཆགས་ཡོད་སྟབས། བོད་ནང་གི་བོད་མིའི་མངོན་འདོད་གང་ཡིན་པ་དེ་ཁྱེད་རང་ཚོས་ཤེས་པའི་ཐོག་ཁྱེད་རང་ཚོར་དམིགས་བསལ་འགན་ཞིག་ཡོད་པ་དེ་ནམ་ཡང་བརྗེད་རྒྱུ་མེད། ང་ཚོ་ལས་ལྷག་པ་ཁྱེད་རང་ཚོར་མཐོ་སློབ་འགྲིམ་རྒྱུའི་མཐུན་རྐྱེན་ཡག་པ་རག་གི་རེད། དེར་བརྟེན་ཤེས་ཡོན་དང་འཇོན་ཐང་གང་ཅིའི་ཐོག་ནས་ང་ལས་ཁྱེད་རང་ཚོ་ལྷག་པ་ཡོང་རྒྱུ་ཡིན་པ་སྨོས་མི་དགོས། ལྷག་པར་མི་རབས་རྒན་པ་ཚོས་དཀའ་ལས་བརྒྱབ་པ་རྣམས་ང་ཚོས་ནམ་ཡང་བརྗེད་རྒྱུ་མེད། ཡ་རབས་སྤྱོད་བཟང་བྱ་རྒྱུ་ནི་ང་ཚོའི་མ་རྩ་ལྟ་བུ་ཡིན། དེར་བརྟེན་དེ་མ་བརླག་པ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དཔེར་ན། དེ་སྔ་ང་རང་ཝ་ཤིང་ཊོན་ཌེ་སིའི་ནང་འགྲོ་སྐབས་ཕྱི་རྒྱལ་གྱི་གནད་ཡོད་མི་སྣ་གཅིག་གིས་ཁྱེད་རང་ཚོར་ལྟ་བཟོ་གསུམ་ཡོད།
    ༡) སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཚན་སྙན་གྲགས་དང་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་རང་བཞིན་གྱིས་བོད་དོན་ལ་རྒྱབ་སྐྱོར་ཡོད། ༢) ཡ་རབས་སྤྱོད་བཟང། ༣) དྲང་བདེན་བྱེད་རྒྱུ་གསུམ་ཡོད། དེ་གསུམ་མེད་ན་བོད་ཀྱི་རྩ་དོན་ལ་གནོད་ཀྱི་རེད། ཅེས་གསུངས་བྱུང། བཞི་པ། བོད་མིས་དཀའ་ལས་རྒྱག་གི་ཡོད། གོང་འཁོད་རྣམས་གཞིར་བཞག་སྟེ་འབད་བརྩོན་བྱས་ན་སྣང་དག་ཡོད་པ་མ་རེད། ཁྱེད་རང་ཚོ་བོད་རིགས་སློབ་ཕྲུག་གི་འགོ་ཁྲིད་ཟབ་སྦྱོང་ཐོན་ཐེངས་དང་པོ་ཚོར་སླར་ཡང་འཚམས་འདྲི་ཡོད། ཅེས་གསུང་བཤད་གནང་ཡོད།
    དེ་རྗེས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་ཉིན་གྲངས་བརྒྱད་རིང་གི་ཟབ་སྦྱོང་མཇུག་སྒྲིལ་གནང་ཡོད།

སྔོན་མ།
སློབ་གྲྭའི་འགན་འཛིན་རྣམས་ལ་དགེ་རྒན་གྱི་ཁྱད་ལས་ཡར་རྒྱས་གཏོང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་དབུ་འཛུགས་གནང་།
ཕྱི་མ།
བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ཐེངས་དྲུག་པ་བསྐྱངས།