ཟླ་རེའི་གསར་འགྱུར།

སྲིད་སྐྱོང་མཆོག་གིས་རིགས་ལམ་འདུ་འཛོམས་ཐེངས་ལྔ་པ་དབུ་འབྱེད་མཛད་སྒོར་གསུང་བཤད་གནང་།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༢༩ ནས་ཕྱི་ཟླ་ ༡༠ ཚེས་ ༤ བར་དྷ་སྟེང་བོད་ཁྱིམ་གྱི་ཚོགས་ཁང་ནང་འདི་ག་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག གཏན་ཉིན་སློབ་གྲྭ་ཁག་བཅུ་དགུའི་རིགས་ལམ་འདུ་འཛོམས་ཐེངས་ལྔ་པ་དབུ་འབྱེད་ཀྱི་མཛད་སྒོར་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་དོན། སྐྱབས་གནས་དགེ་འདུན་གྱི་སྡེ། ཕྱག་རོགས་ཤེས་རིག་བཀའ་བློན་གྱིས་གཙོས་རྣམ་པ་ལྷན་རྒྱས་ལ་ངས་བཀའ་ཤག་སྐབས་ ༡༤ པའི་ཚབ་ཞུས་ཏེ་ཐོག་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཤེས་རིག་ལས་ཁུངས་ཀྱིས་འགན་བཞེས་པའི་ཐོག་ཕྱི་ལོ་ ༢༠༡༢ ནས་བཟུང་ད་བར་རིགས་ལམ་འདུ་འཛོམས་ཐེངས་བཞི་གནང་སྟེ། འདུ་འཛོམས་ཐེངས་ལྔ་པ་འདི་བཞིན་རྒྱས་ཤོས་ཆགས་ཡོད། ད་ལྟ་གོང་དུ་གསུངས་པ་ལྟར། གཙོ་ཆེ་ཤོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རིགས་ལམ་སློབ་ཚན་དང་འབྲེལ་བའི་བཀའ་སློབ་རབ་དང་རིམ་པ་ཕེབས་ཡོད་པ་མ་ཟད། བློ་ཕམ་པའི་བཀའ་སློབ་གཅིག་ཀྱང་ཕེབས་ཡོད། ཕྱི་ལོ་ཆིག་སྟོང་དགུ་བརྒྱ་དྲུག་ཅུ་རེ་གྲངས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རིགས་ལམ་སློབ་ཚན་ཐོག་དོ་སྣང་བྱེད་དགོས་ཀྱི་འདུག་ཅེས་བརྗོད་ཡོད་ཀྱང་། ད་བར་ལག་བསྟར་མ་བྱས་པར་ལུས་ཡོད།
སྐབས་དེར་ལག་བསྟར་བྱས་ཡོད་ན། ད་ལྟ་ང་ཚོར་གྲུབ་འབྲས་གང་ཙམ་སྨིན་ཡོད་ངེས་རེད། ཅེས་བཀའ་སློབ་ཕེབས་ཡོད། འོན་ཀྱང་ལོ་མང་པོ་ཞིག་ལྷག་པར་བརྟེན། ཕྱི་ལོ་ ༢༠༠༢ ལོར་བསྐྱར་དུ་༸གོང་ས་མཆོག་གིས་བཀའ་སློབ་ཕེབས་ཡོད། དེ་བཞིན་ཤེས་ཡོན་སྲིད་བྱུས་ནང་དུའང་རིགས་ལམ་སློབ་ཚན་བསླབ་དགོས་ཀྱི་འདུག་ཅེས་དམིགས་བསལ་འབད་བརྩོན་གནང་ཡོད། བོད་ཁྱིམ་གྱིས་གཙོས་བོད་མིའི་སློབ་གྲྭ་ཁག་ནང་ཆོས་དགེ་རྣམ་པས་གལ་ཆེ་དོན་ཆེར་བརྩིས་ནས་རིགས་ལམ་གྱི་སློབ་ཚན་བསྐྱར་གསོ་བྱུང་སྟེ། ད་ཆ་སློབ་ཕྲུག་ནང་ཕན་ཚུན་ཚོད་ལྟ་བྱེད་ཐུབ་རྒྱུའི་མཐུན་རྐྱེན་བསྐྲུན་ཐུབ་པ་བྱུང་ཡོད། འདི་ནི་ཡར་རྒྱས་ཀྱི་རྣམ་པ་ཞིག་ཡིན་པར་བརྟེན། ངས་དགེ་ལས་རྣམ་པ་དང་ལྷག་པར་ཆོས་དགེ་རྣམ་པས་རྐང་འགན་འཁྱེར་བ་ཞིག་ཡིན་སྟབས། དགེ་ལས་སློབ་ཕྲུག་ཡོངས་ལ་ཡི་རང་བསྔགས་བརྗོད་ཞུ་རྒྱུ་ཡིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་གང་ཡིན་མིན་ཚང་མས་མཁྱེན་གསལ་རེད། རྟགས་གསལ་རྩོད་རྒྱུ་ནི་འཛམ་གླིང་འདིའི་ནང་གཞན་དང་མ་འདྲ་བར་བོད་མིའི་ཐུན་མོང་མ་ཡིན་པ་ཞིག་ཆགས་ཡོད། རིགས་ལམ་ནི་སྤྱིར་ནང་ཆོས་དང་ཡང་སྒོས་ཤེས་ཡོན་ཐོག་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད་པ་མ་ཟད། ཤེས་ཡོན་ལག་བསྟར་བྱེད་རྒྱུའི་ནང་རིགས་ལམ་ཡོད་སྟབས། ང་ཚོའི་ཤེས་ཡོན་ཡང་ཐུན་མོང་མ་ཡིན་པ་ཞིག་ཆགས་ངེས་རེད།
དེར་བརྟེན་རིགས་ལམ་གྱི་སློབ་ཚན་བསྐྱར་གསོ་དང་དོ་སྣང་བྱེད་དགོས་ཀྱི་འདུག་ཅེས་བཀའ་སློབ་ཕེབས་དགོས་དོན་རྒྱུ་མཚན་གཙོ་བོ་དེ་ལྟར་རེད་འདུག ལྷག་པར་ཉེ་ཆར་སློབ་གྲྭ་ཁག་ནང་དགེ་རྒན་རྣམ་པས་གཙོ་འགན་བཞེས་ཐོག་སློབ་ཁྲིད་གནང་སྟངས་ལ་འགྱུར་བ་ཕྱིན་ཡོད། རིགས་ལམ་སྦྱང་ན་བསམ་བློ་གཏོང་སྟངས་ཐོག་ཁྱད་པར་ཧ་ཅང་ཆེན་པོ་འགྲོ་གི་ཡོད། དེར་བརྟེན་ཁྱེད་རང་ཚོས་རིགས་ལམ་ཐོག་སྔར་ལྷག་ཤུགས་སྣོན་རྒྱག་རྒྱུ་ཤིན་ཏུ་ནས་གལ་ཆེན་པོ་ཆགས་ཡོད། ཕྱོགས་མཚུངས་དགེ་རྒན་གྱིས་སློབ་སྐབས་རང་ཉིད་ཀྱིས་རིག་པ་བསྒྲིམས་ཏེ་སྦྱང་བརྩོན་བྱེད་དགོས་པ་མ་ཟད། མ་ཤེས་པ་རྣམས་ཤེས་ཆེད་དྲི་བ་གཏོང་རྒྱུ་གལ་ཆེན་པོ་ཆགས་ཡོད། ཁྱེད་རང་ཚོར་རིགས་ལམ་སྦྱོང་བརྡར་སྤྲོད་རྒྱུ་ནི་ཁྱེད་རང་ཚོས་གང་སྦྱང་པའི་ཤེས་ཡོན་ཐོག་གཏིང་ཟབ་རྟོགས་ཐུབ་ཆེད་རེད། ཐེངས་འདིའི་རིགས་ལམ་འདུ་འཛོམས་ནང་མཉམ་ཞུགས་བྱེད་མཁན་སློབ་ཕྲུག་གང་ཙམ་མང་པོ་འདུག
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དགོངས་ལ་རིགས་ལམ་སློབ་གྲྭ་ཁག་ནང་བསླབ་སྟེ། ནང་ཆོས་བརྗོད་མ་དགོས་པའི་ཐོག་སློབ་ཚན་སྤྱི་ཡོངས་ལ་ཕན་ཐོགས་དང། ཤེས་ཡོན་ལག་བསྟར་བྱ་རྒྱུ་དེ་ཡང་ང་ཚོར་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་ལམ་ལུགས་ཡོད་པ་དེ་བསྐྱར་གསོ་བྱས་པའི་ཐོག་ནས་འཛམ་གླིང་སྤྱི་ཡོངས་ལ་ཤེས་ཡོན་ལམ་ལུགས་མི་འདྲ་བ་ཞིག་ཡོང་གི་རེད། ཅེས་དགོངས་བཞེས་མཛད་ཀྱི་ཡོད། དེ་ལྟར་ཡོང་བར་ཁྱེད་རང་ཚོས་འབད་བརྩོན་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་གསུང་བཤད་གནང་། །

སྔོན་མ།
ཟློས་དགེ་འོས་སྦྱོང་མཇུག་བསྒྲིལ་བ།
ཕྱི་མ།
རིགས་ལམ་འདུ་འཛོམས་ཐེངས་ལྔ་པ་དབུ་འབྱེད་ཀྱི་མཛད་སྒོ་ཚོགས་པ།
Menu