ཟླ་རེའི་གསར་འགྱུར།

སྲིད་སྐྱོང་སློབ་ཡོན་ཐོག་མ་དེ་བསྟན་འཛིན་ཆོས་སྐྱིད་ལགས་ལ་ཐོབ་པའི་གསར་འགོད་གསལ་བསྒྲགས།

༄༅། །ཉེ་ལམ་རྒྱ་གར་རྒྱལ་ཡོངས་འབྲིང་རིམ་སློབ་གྲྭའི་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་གནང་སྐབས་སྒྱུ་རྩལ་རིག་ཚན་ཁོངས་ནས་རྩེ་ཕུད་སོན་པ་མ་སུ་རི་བོད་ཁྱིམ་སློབ་གྲྭའི་སློབ་མ་བསྟན་འཛིན་ཆོས་སྐྱིད་ལ་བརྒྱ་ཆ་ ༩༥་༤ ཐོབ་ཡོད་པར་བརྟེན། ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༣༠ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢།༣༠ ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་དང་སྟོབས་རྒྱལ་ལགས། སློབ་ཡོན་ཚན་པའི་འགན་འཛིན་འཆི་མེད་ཚེ་དབྱངས་ལགས། བུ་མོ་བསྟན་འཛིན་ཆོས་སྐྱིད་ལགས་བཅས་དབུ་བཞུགས་ཐོག་སྲིད་སྐྱོང་སློབ་ཡོན་ཐོག་མ་དེ་བསྟན་འཛིན་ཆོས་སྐྱིད་ལགས་ལ་ཐོབ་པའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན།
    ཤེས་རིག་ལས་ཁུངས་ནས་ཉེ་ལམ་གསར་གཏོད་གནང་བའི་སྲིད་སྐྱོང་སློབ་ཡོན་ལེན་མཁན་ཐོག་མ་དེ་མ་སུ་རི་བོད་ཁྱིམ་གྱི་སློབ་མ་བསྟན་འཛོན་ཆོས་སྐྱིད་ལགས་ཆགས་ཡོད་པ་དང༌། ཁོང་གིས་འདི་ལོ་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཆེན་མོའི་ནང་ཕྱོགས་བསྡོམས་བརྒྱ་ཆ་ ༩༥ ལྷག་ལེན་ཐུབ་པ་བྱུང་ཡོད། སློབ་ཡོན་དེ་བཞིན་སློབ་མ་རྣམས་ཀྱི་ཤེས་ཡོན་ཐད་བློ་སྤོབས་སྤར་ཐབས་དང་འབྲེལ་འབད་འབུངས་ཡོང་ཐབས་ལ་དམིགས་པ་ཞིག་ཡིན། དེ་རིང་དཔལ་ལྡན་སྲིད་སྐྱོང་ཌོག་ཊར་བློ་བཟང་སེང་གེ་མཆོག་ནས་སློབ་མ་བསྟན་འཛིན་ཆོས་སྐྱིད་ལགས་སུ་འཚམས་འདྲི་དང་ཐུག་འཕྲད་གནང་ཡོད།
    ཤེས་རིག་ལས་ཁུངས་ངོས་ནས་ཀྱང་ཁོང་ལ་གྲུབ་འབྲས་རྩེ་སོན་བྱུང་བར་བསྔགས་བརྗོད་དང་འཚམས་འདྲི་ཡོད། སྲིད་སྐྱོང་དང་ཤེས་རིག་བཀའ་བློན་གཅིག་ལྕོགས་ཌོག་ཊར་བློ་བཟང་སེང་གེ་མཆོག་ནས་ཤེས་རིག་ལས་ཁུངས་ནས་གསར་གཏོད་གནང་བའི་སྲིད་སྐྱོང་སློབ་ཡོན་ལེན་མཁན་དང་པོ་བྱུང་བར་དགའ་ཚོར་དང་སྦྲགས། སློབ་མ་བསྟན་འཛིན་ཆོས་སྐྱིད་ལགས་ལ་བསྔགས་བརྗོད་དང་འཚམས་འདྲི་ཡོད་ཅེས་གསུངས་ཡོད། འཛིན་རིམ་བཅུ་གཉིས་ཅན་གྱི་བོད་པའི་སློབ་ཁག་བཅུ་དྲུག་གི་སློབ་མ་ ༡༦༡༦ ནས་རྒྱལ་ཡོངས་རྒྱུགས་སྤྲོད་ནང་ཆ་ཤས་བླངས་ཡོད་པ་དང༌། བོད་པའི་སློབ་གྲྭའི་ཡིག་རྒྱུགས་འཕྲོད་པའི་ཁྱོན་ཡོངས་ཀྱི་བརྒྱ་ཆ་ ༨༧།༣ བྱུང་ཡོད་པ་ནི་རྒྱ་གར་རྒྱལ་ཡོངས་ཀྱི་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༨༢།༡༠ ལས་བརྒྱ་ཆ་ ༥ མཐོ་བ་ཆགས་ཡོད།
    འདི་ལོ་ཚན་རིག་སྡེ་ཚན་ཁོངས་ནས་སློབ་ཕྲུག ༡༨༨ ༼༥༢ %༽ ནས་རྒྱུགས་འབྲས་བརྒྱ་ཆ་ ༧༠ ལྷག་ལོན་ཐུབ་པ་དང༌། དེ་བཞིན་སྒྱུ་རྩལ་དང་ཚོང་རིག་སྡེ་ཚན་ཁོངས་ནས་བརྒྱ་ཆ་ ༧༥ ལྷག་ལོན་མཁན་སློབ་ཕྲུག ༡༥༧ ༼༡༤ %༽ བྱུང་ཡོད།
   པར་པ་ཕན་བདེ། མདོར་ན། འདི་ལོ་སློབ་མ་ ༣༤༥ བརྒྱ་ཆ་ ༧༠ ཡན་ལོན་པ་ཕྱི་ལོ་ ༢༠༡༢ ལོའི་སློབ་མ་ ༢༤༢ དང་བསྡུར་ན་བརྒྱ་ཆ་མཐོ་བོ་ལེན་མཁན་མང་དུ་ཕྱིན་ཡོད། ཤེས་རིག་ལས་ཁུངས་ཀྱིས་བརྒྱ་ཆ་གཞིར་བཟུང་སློབ་ཡོན་འཆར་གཞི་གསར་གཏོད་གནང་བ་ལ་བརྟེན་ནས་སློབ་མ་རྣམས་ཀྱི་ཤེས་ཡོན་གནས་ཚད་གོང་མཐོར་གཏོང་རྒྱུར་ཐུགས་ཕན་གསོ་བོ་ཡོང་བའི་རེ་བ་དང་ཡིད་ཆེས་ཞུ་གི་ཡོད། འཛིན་རིམ་བཅུ་གཉིས་སློབ་ཐོན་པ་རྣམས་ལ་ཤེས་རིག་ལས་ཁུངས་ཀྱི་མཐོ་རིམ་སློབ་ཡོན་མ་ཟད། རྡ་ས་བོད་ཁྱིམ་དང་མ་སུ་རི་བོད་ཁྱིམ་གཉིས་ཀྱིས་གཙོས་ཚོགས་སྡེ་གཞན་ནས་ཀྱང་སློབ་ཡོན་མཐུན་འགྱུར་ཞུས་མུས་རེད། གཤམ་གསལ་སློབ་མ་རྣམས་ཕྱི་ལོ་ ༢༠༡༣ ལོའི་དགའ་ལྡན་ཕོ་བྲང་གཟེངས་བསྟོད་བྱ་དགའ་ལེན་མཁན་ཚན་རིག་དང་ཚོང་རིག སྒྱུ་རྩལ་སྡེ་ཚན་གསུམ་གྱི་སློབ་མ་རྩེ་ཕུད་གསུམ་རེ་ལ་བྱ་དགའ་ཨང་དང་པོར་སྒོར་ ༢༠༠༠༠ དང། ཨང་གཉིས་པར་སྒོར་ ༡༥༠༠༠། ཨང་རིམ་གསུམ་པར་སྒོར་ ༡༠༠༠༠ བཅས་སྔར་རྒྱུན་ལྟར་ཕྱི་ཟླ་ ༩ ཚེས་ ༢ མང་གཙོ་དུས་ཆེན་གྱི་མཛད་སྒོའི་སྐབས་གནང་གཏན་འཁེལ་ཡོད་པ་བཅས་ཀྱི་གསར་འགོད་གསལ་བསྒྲགས་སུ། ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༣༠ ལ།།

ཕྱི་ལོ་ ༢༠༡༣ ལོའི་དགའ་ལྡན་ཕོ་བྲང་གཟེངས་བསྟོད་བྱ་དགའ།

ཀ༽ ཚན་རིག་སྡེ་ཚན།

ཨང་རིམ། མཚན། སློབ་གྲྭ། བརྒྱ་ཆ།
དང་པོ། འཕྲིན་ལས་ཚེ་རིང་བླ་མ། སེ་ལ་ཀུ་ཡེ་བོད་ཁྱིམ། ༩༢།༨
གཉིས་པ། བསྟན་འཛིན་ཀུན་བཟང་། སེ་ལ་ཀུ་ཡེ་བོད་ཁྱིམ། ༩༢།༥
གསུམ་པ། བསྟན་འཛིན་དབང་ཕྱུག མོན་གྷོ་གཏན་སློབ། ༩༡།༨


ཁ༽ སྒྱུ་རྩལ་སྡེ་ཚན།

ཨང་རིམ། མཚན། སློབ་གྲྭ། བརྒྱ་ཆ།
དང་པོ། བསྟན་འཛིན་ཆོས་སྐྱིད། མ་སུ་རི་བོད་ཁྱིམ། ༩༥།༤
གཉིས་པ། ཕུན་ཚོགས་དོན་གྲུབ། མ་སུ་རི་བོད་ཁྱིམ། ༩༢།༦
གསུམ་པ། མགོན་པོ་བཀྲ་ཤིས། མ་སུ་རི་བོད་ཁྱིམ། ༨༩།༨༢


ག༽ ཚོང་རིག་སྡེ་ཚན།

ཨང་རིམ། མཚན། སློབ་གྲྭ། བརྒྱ་ཆ།
དང་པོ། བསྟན་འཛིན་འཕྲིན་ལས། མ་སུ་རི་བོད་ཁྱིམ། ༩༠།༤
གཉིས་པ། ཚེ་བརྟན་སྒྲོལ་མ། བྷེལ་ཀོབ་བོད་ཁྱིམ། ༨༧།༢
གསུམ་པ། སྐལ་བཟང་། མ་སུ་རི་བོད་ཁྱིམ། ༨༤།༨
སྔོན་མ།
བུ་མོ་བསྟན་འཛིན་ཆོས་སྐྱིད་ལགས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་རྩེ་ཕུད་སོན་པ།
ཕྱི་མ།
གཏན་ཉིན་སློབ་གྲྭ་ཁག་གི་རྒན་བདག་རྣམས་ལ་འགོ་ཁྲིད་གནང་ཕྱོགས་ཀྱི་ཟབ་སྦྱོང་ཞིག་འགོ་འཛུགས་གནང་བ།