ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ནས་ཤེས་ཡོན་སྲིད་བྱུས་ཀྱི་ཟབ་སྦྱོང་འགོ་འཛུགས་གནང་བ།

Tenzin Dorjee, Head of Academic Section, Department of Education, gave the opening remarks at the inaugural program.

༄༅། །འདི་ག་ཤེས་རིག་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༢༥ ཟླ་བ་ ༨ ཚེས་ ༡༢ ནས་ ༡༤ བར་ཉིན་གསུམ་རིང་དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་དང་རྒྱ་གར་གྱི་ཤེས་ཡོན་སྲིད་བྱུས་བཅས་ཀྱི་ཟབ་སྦྱོང་གོ་སྒྲིག་གནང་ཞིང་། ཟབ་སྦྱོང་དུ་དྷ་ས་བོད་ཁྱིམ་ཁྱབ་ཁོངས་སློབ་གྲྭ་ ༥ ནས་དགེ་རྒན་ ༡༧ དང་། སཾ་བྷོ་ཊ་ཁྱབ་ཁོངས་སློབ་གྲྭ་ ༥ ནས་དགེ་རྒན་ ༡༦ བཅས་ཁྱོན་བསྡོམས་སློབ་གྲྭ་ ༡༠ ནས་དགེ་རྒན་ ༣༣ གྱིས་མཉམ་ཞུགས་གནང་ཡོད་པ་དང་། ཟབ་སྦྱོང་གི་ཁྱད་སྟོན་པ་ནི་ཤེས་ཡོན་གྱི་ཆེད་ལས་པ་འབུམ་རམས་པ་སྐལ་བཟང་དབང་འདུས་ལགས་དང། ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་བཅས་ཡིན།

དེ་ཡང་ཕྱི་ཚེས་ ༡༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་ཟབ་སྦྱོང་གི་དབུ་འབྱེད་དུ་ཁྱད་སྟོན་པ་དང་། འབྲེལ་ཡོད་ཤེས་རིག་ལས་བྱེད། མཉམ་ཞུགས་པ་དགེ་རྒན་བཅས་མཉམ་འཛོམས་ཐོག་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་གཏན་འབེབས་གནང་ཕྱོགས་དང་། ད་བར་ཤེས་རིག་ལས་ཁུངས་ནས་ཤེས་ཡོན་སྲིད་བྱུས་ལག་བསྟར་དང་འབྲེལ་བའི་བསླབ་གཞི་རྩ་འཛིན་གཏན་འབེབས་དང་། སློབ་དེབ་རྩོམ་སྒྲིག་དང་པར་འགྲེམས། གཞོགས་འདེགས་གི་རྒྱུ་ཆ་འདོན་སྤེལ། དུས་ནས་དུས་སུ་དགེ་རྒན་རྣམས་ལ་ཟབ་སྦྱོང་གོ་སྒྲིག ཕ་མ་དང་མི་མང་ལ་ཤེས་ཡོན་སྲིད་བྱུས་ཀྱི་གཏམ་བཤད་ལས་རིམ་སོགས་ལས་དོན་སྣ་མང་སྤེལ་བའི་སྐོར་ངོ་སྤྲོད་དང་། ཤེས་ཡོན་སྲིད་བྱུས་ཀྱི་ཟབ་སྦྱོང་འདི་ལྟ་བུ་ནི་དགེ་རྒན་གྱི་ཆེད་ལས་མུ་མཐུད་ཡར་རྒྱས་གཏོང་བའི་ཆ་ཤས་གལ་ཆེན་ཞིག་ཡིན་པ་ནན་བརྗོད་གནང་ཡོད།

གཞན་ཡང་ཁོང་གིས་འདས་པའི་ལོ་གཉིས་དང་ཕྱེད་ཀའི་ནང་ཤེས་རིག་ལས་ཁུངས་ཀྱིས་ས་ཁུལ་ཁག་གསུམ་སྟེ། རྡོར་གླིང་དུ་ཕྱི་ལོ་ ༢༠༢༣ ཟླ་བ་ ༢ དང་། སྦེལ་ཀོབ་ཏུ་ཕྱི་ལོ་ ༢༠༢༤ ཟླ་བ་ ༡། མོན་གྷོ་རུ་ཕྱི་ལོ་ ༢༠༢༤ ཟླ་བ་ ༦ བཅས་ལ་ཤེས་ཡོན་སྲིད་བྱུས་ཀྱི་ཟབ་སྦྱོང་གོ་སྒྲིག་ཞུས་ཏེ་སློབ་གྲྭ་གྲངས་ ༢༣ གྱི་དགེ་རྒན་གྲངས་ ༡༢༠ ཙམ་ལ་ཟབ་སྦྱོང་ཕུལ་ཐུབ་པ་བྱུང་ཡོད། དེ་ནས་ཁོང་གིས་ཟབ་སྦྱོང་གི་ཁྱད་སྟོན་པ་འབུམ་རམས་པ་སྐལ་བཟང་དབང་འདུས་ལགས་ཀྱི་ངོ་སྤྲོད་མདོར་བསྡུས་དང་། ཟབ་སྦྱོང་གི་ནང་དོན་དང་དམིགས་ཡུལ་བཅས་འགྲེལ་བརྗོད་གནང་། མཐར་མཉམ་ཞུགས་པ་ཚང་མས་རང་ཉིད་ངོ་སྤྲོད་གནང་རྗེས་ཟབ་སྦྱོང་དངོས་གཞི་འགོ་འཛུགས་གནང་།

ཟབ་སྦྱོང་ཉིན་གསུམ་རིང་ཤེས་ཡོན་སྲིད་བྱུས་གཉིས་དང་འབྲེལ་བའི་ཤེས་ཡོན་གྱི་ངོ་བོ་དང་། དགོས་པ། དམིགས་ཡུལ་བཅས་དང་། དགེ་རྒན་དང་འཛིན་གྲྭའི་ནང་སློབ་ཁྲིད་གནང་ཕྱོགས། དཔྱད་ཞིབ། སྐད་ཡིག་སློབ་ཁྲིད། ན་ཆུང་བྱིས་པ་གསོ་སྐྱོང་དང་སློབ་གསོ། དགེ་རྒན་གྱི་ཆེད་ལས་ཡར་རྒྱས་སོགས་གལ་ཆེའི་བརྗོད་གཞི་ཁག་སྡེ་ཚན་གྲོས་བསྡུར་དང། བསམ་ཚུལ་བརྗེ་ལེན། བསམ་གཞིགས་བཅས་བྱེད་སྒོ་སྣ་ཚོགས་ཀྱི་ལམ་ནས་ངོ་སྤྲོད་དང་གོ་བསྡུར་སྦྱང་བཤད་བཅས་གནང་།

ཤེས་ཡོན་སྲིད་བྱུས་ཀྱི་ཟབ་སྦྱོང་འདི་བཞིན་ཌེན་མག་རོགས་ཚོགས་ DANIDA ཡིས་མཐུན་འགྱུར་གནང་བ་ཞིག་ཡིན། །


སྔོན་མ།
བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་བོད་ཡིག་སློབ་དེབ་གཏན་འབེབས་ཚོགས་འདུ།
ཕྱི་མ།
ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ས་རཱ་མཐོ་སློབ་དབུ་བརྙེས་ནས་ལོ་ངོ་ ༢༧ འཁོར་བའི་དུས་ཆེན་སྲུང་བརྩི་མཛད་སྒོར་ཆེད་ཕེབས་གནང་བ།