འཆར་འགོད་ཚན་པ།
འཆར་འགོད་ཚན་པས་བོད་ཕྲུག་གི་ཤེས་ཡོན་དང་སློབ་གྲྭ་འཛུགས་བསྐྲུན་སོགས་ཡར་རྒྱས་ལས་གཞི་སྣ་ཚོགས་ཀྱི་ཆེད་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྒེར་རོགས་ཚོགས་ཁག་ལ་རོགས་དངུལ་འཐབ་འཚོལ་ཆེད་འབྲེལ་ལམ་ཞུ་རྒྱུ་དང་། དེ་བཞིན་འཆར་འགོད་ཚན་པ་བརྒྱུད་ཤེས་རིག་ལས་ཁུངས་དང་སློབ་གྲྭ་ཁག་གི་ལས་གཞི་རྣམས་བོད་མིའི་སྒྲིག་འཛུགས་ཀྱི་སྒྲིག་དོན་གཞིར་བཟུང་ལས་གཞི་མཇུག་སྐྱོང་གིས་ལྡབ་སྐྱོར་མ་ཡོང་པའི་ཆེད་དུ་ལག་བསྟར་གནང་དགོས་ཐོག ལས་གཞིའི་འཆར་གཞི་འཆར་འགོད་ངོ་མ་ཟུར་འབུལ་ལྟར་དུས་ཐོག་ལག་བསྟར་གནང་མིན་གཟིགས་རྟོག་གིས་སྐབས་བསྟུན་ལམ་སྟོན་ཞུ་རྒྱུ།
འཆར་འགོད་ཚན་པའི་ལས་འགན་གཙོ་བོ་ནི །
༡། ཤེས་རིག་ཁྱབ་ཁོངས་སློབ་གྲྭ་ཁག་གི་ཤེས་ཡོན་དང་འཛུགས་བསྐྲུན་ཡར་རྒྱས་ལས་གཞི་དག་འཆར་གཞི་བཀོད་སྒྲིག་དང་བསྡུ་རུབ་ཀྱིས་དེ་འབྲེལ་རོགས་ཚོགས་འདྲ་མིན་ནས་རོགས་དངུལ་ཐབས་འཚོལ་ཞུ་རྒྱུ། །
༢། སློབ་གྲྭ་ཁག་ནས་ཕུལ་བའི་འཆར་གཞི་ཁག་ལ་ཞིབ་འཇུག་གིས་བསྐྱར་བཅོས་ཇི་དགོས་བཟོ་བཅོས་ཞུ་རྒྱུ། །
༣། ལས་འཆར་ཞིབ་འཇུག་དང་བཀའ་འཁྲོལ་ཆེད་དབུས་འཆར་བྱུས་ཚོགས་ཆུང་ལ་དུས་ཐོག་འབུལ་རྒྱུ།
༤། ལས་གཞིའི་གནས་སྟངས་དུས་མཚམས་སོ་སོར་རོགས་ཚོགས་ལ་སྙན་སེང་ཞུ་རྒྱུ།
༥། ལས་གཞིར་ཞིབ་འཇུག་གིས་དམིགས་ཡུལ་གཞིར་བཟུང་ལས་གཞི་ལག་བསྟར་ཚུལ་བཞིན་སྒྲུབ་མིན་ངེས་གཏན་བཟོ་རྒྱུ།
༦། རོགས་ཚོགས་ཁག་ལ་རོགས་དངུལ་ཕྱི་གསལ་ནང་གསལ་དང་འགན་འཁྲི་མཚོན་ཆེད་ལས་གཞི་སྒྲུབ་མུས་དང་བསྒྲུབས་མཚམས་ཀྱི་སྙན་ཐོ་དང་། འདྲ་པར། རྩིས་ཁྲ་བཅས་འབུལ་རྒྱུ།
